R144: རྗེ་བཙུན་ཀུན་དགའ་གྲོལ་མཆོག་གི་ཕྱི་ནང་གསང་གསུམ་གྱི་རྣམ་ཐར།

  • Pagination (Witness A): 159
[A:159]པར་མ་གྱུར་པའི་སྐལ་པ་བཟང་པོ་རྗེས་སུ་སྐྱེས་པའི་མཐར། བསྡུས་རྒྱུད་བྱང་ཆུབ་སེམས་དཔའི་འགྲེལ་པ་སྐོར་གསུམ་དང་སྦྱར་བའི་མཐའ་དྲུག་ཚུལ་བཞི་མ་ལུས་པ་ཕྱེ་བའི་སྟོན་པ་བཞི་ལྡན་གྱི་གོ་བའི་འཚང་སྒྲིབ་མེད་དུ་རྟོགས་ཤིང། ཙན་དན་དང་ཙན་དན་གྱི་དྲི་ལྟར་དབྱེར་མི་ཕྱེད་པའི་རྒྱུད་འགྲེལ་གྱི་ངེས་གནས་ཉིད་ལས་བྱུང་བའི་སྦྱོར་བ་ཡན་ལག་དྲུག་གི་བསྒོམ་བྱ། ཕྱིས་འབྱུང་གི་བསྲེ་བསླད་སྣ་ཚོགས་སུ་བསྒྱུར་བའི་ཚོང་འདུས་ཀྱི་འོ་མ་ལྟ་བུ་ཉིད་དང་འདྲ་བར་མི་སྤྱོད་པའི་དབང་བཞི་པའི་དོན་རང་གི་དེ་ཁོ་ན་ཉིད་སྔོན་དུ་གྱུར་ནས་དེ་ཉིད་གཞན་ལ་འདོམས་པར་མཛད་པས། ཞལ་ནས་བྱུང་བ་རྣ་བའི་ལམ་ལ་བརྒྱུད། གཉིས་སུ་མེད་པའི་ཡེ་ཤེས་གཅིག་པུ་པ་དེའི་ངོ་བོར་སོན་པའི་དོན་རྒྱུད་སྙིང་ལ་འཕོས་པའི་ཡིད་ཀྱི་རེ་བ་ཡོངས་སུ་རྫོགས་པར་གྱུར་ཏེ། ས་ལ་སྤྱོད་པའི་འོག་མིན་གནས༎ སྨན་སྡིངས་རི་བོ་རྒྱས་པའི་མགུལ༎ མགོན་པོ་ཉིད་ཀྱི་བསྟི་གནས་དེར༎ བྷིཀྵུ་རཱུ་པ་རང་གི་ཕ༎ གདོད་མའི་རྡོ་རྗེ་འཆང་ཆེན་དེས༎ སྒྱུ་འཕྲུལ་དྲ་བའི་ཟློས་གར་མཁན༎ དཔལ་ལྡན་རྒྱུ་སྐར་དཀྱིལ་འཁོར་ཆེར༎ དབང་བཞིའི་གནས་ལ་ཕྱག་ཁྲིད་སྩལ༎ ཤིན་ཏུ་སད་པ་སད་པའི་བདག༎ ཀུན་ཤས་ཀུན་རིག་དམ་པ་པོ༎ རྣམ་པར་ཤེས་པའི་ཆོས་ཉིད་འདས༎ ཡེ་ཤེས་གཉིས་མེད་ཚུལ་འཆང་བ༎ རྟོག་མེད་ལྷུན་གྱིས་གྲུབ་པའི་དཔལ༎ རིས་མེད་དང་པོའི་སངས་རྒྱས་དེར༎ ཡེ་ཤེས་ཤུགས་ལུགས་ཉིད་དུ་བསྒྲུབས༎ དབུགས་འབྱིན་རྙེད་པ་བདུན་པའོ༎ སླར་འདུས་པ་རིགས་གསུམ་གྱི་བཀའ་དབང་གནང་བ་ལ། གསེར་ཞོ་རེ་རེའི་མཎྜལ་སོ་སོར་ཕུལ། རས་ཆུང་སྙན་རྒྱུད་ཀྱི་སྟེང་གོ་རྣམ་པར་གྲོལ་བའི་ཆོས་དྲུག། རྗེ་བཙུན་མི་ལས་