[A:160]མཛད་པའི་ཁྲིད་ཡིག་གི་སྟེང་ནས་ཞུས། སྙན་རྒྱུད་རྡོ་རྗེའི་ཚིག་རྐང། ཏིལླི་གཞུང་ཆུང། ཏིལླི་པས་གསུངས་པའི་བསམ་མི་ཁྱབ་གུའི་དོ་ཧ་ལ་ལོ་ཆེན་ཉིད་ཀྱིས་མཆན་བུ་གནང་བའི་ལུང་དང་བཅས། མདོར་ན་མཁན་ཆེན་རིན་པོ་ཆེ་ཆོས་གྲུབ་སེང་གེ་ལ་ཇི་ལྟར་གསན་པའི་སྙན་རྒྱུད་རྫོགས་པར་ཐོབ་ཅིང། ལོ་ཆེན་ཉིད་ཀྱིས་ས་བཟང་དུ་མཛད་པའི་རིམ་ལྔའི་ཁྲིད་ཡིག་གི་སྟེང་ནས་དམར་ཁྲིད་ཟུང་དུ་སྦྱར་བའི་གསང་འདུས་རིམ་ལྔ། ཁ་ཆེ་པཎ་ཆེན་གྱིས་ས་པཎ་ལ་བསྩལ་བའི་སྲོལ་སལ་རྡོ་རྗེའི་ཉེ་ལམ་གྱི་རླུང་སྦྱོར་དམིགས་པ་རྣམས་ལ་མཎྜལ་གསེར་ཞོ་རེ་རེ་ཕུལ། དེར་ནམ་ཟླའི་སྟབས་མར་ལམ་ཀྱང་སྐུ་འོ་བརྒྱལ་བར་བྱུང་འདུག་པས་རེ་ཞིག་བཞུགས་པ་གནང་ནས་རྒྱུད་ཀྱི་ལུང་སོགས་ངེད་ལ་འདོད་ཆོས་འགའ་རེ་དགོས་གསུང་ནན་བསྐྱེད་དཀའ་ཞལ་ལྕི་བར་ཕེབས་ཀྱང། ཙན་ཐབས་སུ་ཞུ་ཕུལ་ཏེ་ལོག་ནས་གསེར་ཞོ་གང་གི་མེ་ཏོག་ཕུལ། ཞབས་སྤྱི་བོར་བླངས་སྨོན་ལམ་བཏབ་ཏེ། ཁས་ཆད་པའི་དུས་སྟེངས་སུ་སླེབ་ལ་རེའི་བློས་བསྐུལ། ཡར་ལམ་ངམ་རིངས་སུ་ཆོས་རྒྱལ་ཡབ་སྲས་དང་མཇལ་བ་ཙམ་བྱས། བྱང་ལམ་བརྒྱུད་ཕྱིན་པས་ལམ་ཁ་བ་ཆེ་བ་སོགས་ཤིན་ཏུ་སྦྱོང་བར་བྱུང་ནའང། ཉེས་སྐྱོན་ཏིལ་ཙམ་མེད་པར་སྨྲས་པ་བཞིན་ཟླ་བ་གཉིས་པའི་བཅུ་བདུན་མཆོད་པའི་ཉིན་ཉི་ཚོད་སོར་གང་ལ་སྔ་ཕྱི་མེད་པར་སླེབ། དཔྱིལ་བུ་དེ་ན་མར་འགྲོ་དུས་ཕ་ནེ་བ་གསུམ་བསྡད་ཡོད་པ་ལ། བཅུ་བདུན་ཉིན་མཆོད་པ་གཟོབས་ལ་གཤོམས། ང་སླེབ་གདོང་དུ་ཇ་མེ་ཐོངས་པ་གྱིས་བྱས་པ་ལ། ཕ་ནེས་ཡིད་གཏན་བྱས། བཅུ་བདུན་གྱི་ཞོགས་སྔ་བ་ནས་ལངས། ཁང་པ་བྱི་དོར་མཆོད་གཤོམ་སོགས་བྱེད་པའི་སྐབས། གྲོགས་རྣམས་ཀྱིས་ཁྲེལ་ཁྲེལ་བྱས།