[A:165]དང་བཅས་པ། གཅིག་བུ་ལ་ཚེ་འཕེལ་དཀར་པོའི་བྱིན་རླབས་བཀའ་འགྲེལ་དུ་ཐུགས་རྗེས་གཟུང་ཞིང་ལམ་འགོར་མེད་པར་གྲྭ་ཐང་གནས་སུ་སླེབ། བྱམས་པ་གླིང་གི་ལྷ་ཁང་སོ་སོ། མཆོད་རྟེན་ཆེན་པོ། ཚོགས་བྱི་རྫིང་པའི་ཕྱག་གི་ཁྱུང་པོའི་ཐུགས་སོགས་རྟེན་མཇལ་ཞིབ་ལེན་བྱས། རྗེ་དབོན་པད་དཀར་བ་ལ་ཁོང་པ་རང་ལ་ཕྱག་འཇལ་གསེར་ཞོ་གང། ལོ་ཆེན་རིན་པོ་ཆེའི་དྲུང་གི་དངུལ་གདུང་གི་དཀར་མེ་གསེར་ཞོ་གསུམ་ཕུལ། སྒྲ་མཚམས་སྦྱོར་ཙམ་ཞིག་བཏང་ནས་སླར་ལོག་ཕ་རིན་པོ་ཆེ་བསྙགས་མཐོང་སྨོན་དུ་སླེབ། ཚེ་རྟ་ནག་རྒྱ་ཕག་གསུམ་རྣམས་ཀྱི་དབང་བཀའ། ཕག་མོ་ལྷ་ཁྲིད། ཀ་དཔེ་དང། ཟབ་མོ་ནང་དོན་རྩ་འགྲེལ་གྱི་ལུང། ཁྱད་པར་གྲུབ་ཐོབ་བརྒྱད་ཅུའི་བྱིན་རླབས་ལེགས་པར་ཐོབ་པས། བླ་མ་གྲུབ་ཐོབ་དེ་དག་དང་མཇལ་ཡང། གནང་རྒྱུའི་ཆོས་ཡི་གེ་མེད་པ་སྙིང་པོ་དོན་གྱི་ཡས་བབས་འདི་ཉིད་ཁོ་ནར་འདུག་གོ་སྙམ་པའི་ངེས་ཤེས་གཏིང་ནས་འདྲོངས། དེར་གསེར་ཞོ་གསུམ་གྱི་མཎྜལ། མི་དབང་ཆོས་ཀྱི་རྒྱལ་པོ་ཆེན་པོས་བསྩལ་བའི་ཇ་རྡུཾ། དར་ཡུག། སྤོས་ཆག། ཁ་བཏགས་རྣམས་ཕུལ། རྗེ་དྲུང་ཀརྨ་པ་ཉུལ་རྒྱལ་ཁང་ན་གདན་ཆགས་འདུག་པའི་དྲུང། ཀུན་སྤངས་རིན་པོ་ཆེ་དང་ལྷན་དུ་གསེར་ཞོ་གང་གི་ཕྱག་རྟེན་ཁྱེར་མཇལ་དུ་ཕྱིན་པས། བྱིན་དང་མི་མཇལ་བའི་ཐུགས་དམ་མ་གྲོལ་གོང་ཞབས་དྲུང་དུ་འབྱོར། སྔར་དང་མི་འདྲ་བར་བཀའ་ཞལ་འགྲེལ་ཆགས་ཡིད་ལ་འབབ་པ་གནང་ཞིང། གསུང་ཆོས་འདྲའི་བཞེད་ཡོད་ཀྱང་སྔར་གྱི་མ་ཎིའི་ལུང་དེ་ལས་མ་ཐོབ། མཐོང་སྨོན་དུ་སྡོད་རིན་ཞབས་དྲུང་ཀུན་སྤངས་པས་གཙོ་མཛད། མཆེད་པོ་རྣམས་དང། སྡེ་པའི་གསོལ་གཟིམས། སྤྲུལ་སྐུ་སྨན་ཐང་པ་སོགས་དུ་མ་ལ་