[A:172]དར་ཁ་གྲངས་མང་ངེས་པ་ཐེས་འབྱར། ཞ་ལུའི་ཐུགས་རྗེ་ཆེན་པོ་ལ་སྙན་དར་བཀྲ་ཤིས་ཁ་བཏགས་དཀར་པོ་ཟུང་དང། དཀར་མེ་སྤོས་འབུལ་རྣམས་སོ་སོར་བསྒྲུབས་རྗེས། ཀུན་སྤངས་རིན་པོ་ཆེའི་དྲུང་དང་ཁ་རུ་བྲག་ཏུ་མཇལ། ཕ་རིན་པོ་ཆེའི་དྲུང་དུ་འབུལ་རྒྱུའི་གསེར་ཞོ་བདུན་གྱི་མཎྜལ་ཕྱག་ཏུ་བཞག་ནས་དབུས་ལ་ལམ་བསྲངས། ཡར་ཕྱོགས་སུ་ཞག་འགའ་བསྡད་རྗེས། ལྷ་སར་ཇོ་བོའི་དྲུང་དུ་སྙན་དར། སྔོན་གྱི་དར་ཆེན་སྨན་ཚེ་ཁ་ཆེན་བཅུ་དྲུག་སྦྲེལ་བའི་ཡུག་སྣེ་ཚང། ཇོ་བོ་བཅུ་གཅིག་ཞལ་སོགས་ལ་ཡང་སྙན་དར་མ་ཆད་པ་ཕུལ་ནས་མདའ་སྐོར་བྱས། གླང་ཐང་དུ་སྤྱན་སྔ་རིན་པོ་ཆེའི་དྲུང་དུ་སླེབ། གོས་ཆེན་ནེ་སེར་ཁ་སྦྲེལ། གསེར་ཞོ་གང་རྣམས་ཕྱག་རྟེན་དུ་ཕུལ་བས། གསོན་གཤིན་ཕྲད་པ་ལྟ་བུའི་ཡིད་བདེ་ཡང་འདི་ལ་ཟེར་གསུང་ལྷག་པར་མཉེས་པའི་བཀའ་ཞལ་ལྷུག་པར་བསྩལ་རྗེས། ན་ལེནྡྲར་བདག་ཆེན་ཆོས་ཀྱི་རྗེ་ཆེ་བའི་དྲུང་དུ་ཕྱིན། གོས་ལུ་ཧཾ་ཁ་སྦྲེལ་དང་གསེར་ཞོ་གང་གི་ཕྱག་མཇལ་བགྱིས། ཚེ་དབང་ལྷ་དགུ་མ་ཅིག་གི་བཀའ་འགྲེལ་ཞུས། ཐུགས་ལྷག་པར་དགྱེས་དགྱེས་གནང་ཞིང། སླར་དཀར་ཡོལ། དར་ཡུག་ལྗང་ཁུ། སྤོས་ཆག། ཁ་བཏགས་ཀྱི་གནང་སྦྱིན་བསྩལ་བ་རྣམས་སྤྱན་སྔའི་དྲུང་དུ་ཕུལ་ཞིང། གཡས་རུ་བྱང་ནས་གནང་བའི་གསོལ་ཇ་དཔེ་བྲལ་དེའི་ལྷག་ཉེག་བཅོ་ལྔ་ཡང་ཕུལ་བས། ཕྱིས་འདི་ལས་བཟང་བའི་ཇ་མ་མྱོང་གསུང། དེ་ནས་སྤྱང་ལུང་ཆོས་སྡིངས་སུ་ཕྱིན། རིན་པོ་ཆེའི་དྲུང་དུ་ཐོག་མའི་མཇལ་རྟེན་བཀྲ་ཤིས་ཁ་བཏགས། ལི་སུག། གྷི་ཝང། ཙན་དན་དཀར་དམར། གུ་གུལ། སེ་འབྲུ་སོགས་བཟང་སྨན་ཀ་ཏོ་ར་གང། སྲབ་ཆེན་གྱི་སྐུ་ཐབས་ཤིན་དུ་ལེགས་པ། གསེར་ཞོ་གང་