R144: རྗེ་བཙུན་ཀུན་དགའ་གྲོལ་མཆོག་གི་ཕྱི་ནང་གསང་གསུམ་གྱི་རྣམ་ཐར།

  • Pagination (Witness A): 173
[A:173]རྣམས་ཕུལ་ནས་མཇལ་ཉིན་ནས། བདག་རང་གཅིག་པུ་ལ་ལམ་འབྲས་འཛུགས་པ་གནང། ཐོག་མར་ཚེ་དབང་ལྷ་དགུ་ཞིག་ཐོབ། སྣང་གསུམ་སྐབས་བསགས་སྦྱངས་ལ་རྭ་བསྒྲེང་སྐོར་དུ་ཕྱིན། རས་མི་ཁུར་གཅིག་བཤགས་ནས་དར་ཅོག། དར་ཐག། ཇོ་བོ་འཇམ་པའི་རྡོ་རྗེའི་དངུལ་གདུངས་ཆེ་ཆུང་གཉིས་སོགས་ལ་སྙན་དར་སོ་སོར་བཏགས། ཞག་གསུམ་བསྡད་ནས་སྟག་ལུང་ཐེལ་གྱི་ཡང་དབེན་དུ་འོངས། རྟེན་མཇལ་ཞིབ་པོར་བྱས། ཆོས་རྗེ་སྐུ་མཆེད་དྲུང་དུ་བླ་མའི་རྣལ་འབྱོར་དང་ཡི་གེ་དྲུག་མའི་ལུང་ཞུས། ཚོགས་པ་བྱིན་ལ་རང་རང་གི་བཞེད་པའི་ཆོས་ཉིན་མཚན་རྒྱུན་མི་ཆད་པར་བྱས། ཞག་བཅོ་ལྔ་ཙམ་ལ་སླར་སྤྱང་ལུང་གི་དགོན་པར་སླེབ། རིན་པོ་ཆེའི་དྲུང་དུ་ཁ་བཏགས་སེར་ཁྲ་བཅུ་བདུན། དར་ཡུག་ལྗང་ཁུ། དཀར་ཡོལ་བཅུ་བདུན་རྣམས་ཕུལ་ནས་སྔགས་ལམ་རྫོགས་པར་ཉན། གཞན་འཆག་མེད་རྣམས་དང་མགོན་པོའི་བཀའ་སོགས་སྔར་མ་ཐོབ་པ་ནི་གཅིག་ཀྱང་མ་བྱུང་ཡང། པཎ་ཆེན་རིན་པོ་ཆེ་བརྒྱུད་པ་ལ་ཡོད་པའི་འདོད་ཆོས་ཡིད་ཚིམས་པར་མནོས་པའི་མཐར། སྟག་ལུང་དུ་སྤྲུལ་པའི་སྐུ་དབོན་རིན་པོ་ཆེ་སྐུ་མཆེད་ཀྱི་རབ་བྱུང་བསྙེན་རྫོགས་ཀྱི་ཕྱག་ཕྱིར་བཀའ་ནན་ཆེ་བའི་འབོད་མི་བྱུང་ནས་སྐྱར་ཏེ་ཕྱིན། ཟླ་ཕྱེད་ཙམ་བསྡད་རིན། ཉིན་རངས་པ་ཚོགས་པ་སྤྱིའི་དབང་བཀའ་རྗེས་གནང་ཁོ་ནས་སྦྲེལ། མཚན་མོ་མཚན་མ་ཕྱེད་པར་སྤྲུལ་པའི་སྐུ་ཉིད་ལ་ནི་གུའི་དབང་ཁྲིད། ཐུགས་དམ་ལྷ་ལྔ། དམ་ཅན་དྲེགས་དྲུག། འཇིགས་བྱེད་ཞེ་དགུ་མ་སོགས་དབང་བཀའ་བྱིན་རླབས་རྣམ་གྲངས་མང་བ། ཁྲིད་བརྒྱའི་རྐང་གྲངས་རྫོགས་ཙམ་ཡང་ཆོས་བདག་པོའི་དཔེར་འདུག་པས་ཕུལ། ཐུགས་རྗེས་ལྷག་པར་