R144: རྗེ་བཙུན་ཀུན་དགའ་གྲོལ་མཆོག་གི་ཕྱི་ནང་གསང་གསུམ་གྱི་རྣམ་ཐར།

  • Pagination (Witness A): 174
[A:174]བསྐྱངས་ཤིང། ཁོང་པ་སྤྱང་ལུང་པ་ཆེན་པོ་གཞོན་ནུ་བློ་གྲོས་ཀྱི་སྐུ་སྐྱེ་ཟོལ་དང་བརྗོད་འདོགས་མིན་པའི་ངེས་ཅན་དུ་འདུག་པ་དེའི་བྱིན་རླབས་ཡིན་པ་འདྲ། དེ་སྐབས་ནུབ་གཅིག་སྟག་ལུང་མཆོད་ཁང་གི་ཕྱག་བཞི་པ་དངུལ་སྐུ་ཐོག་ཚད་མ་དེའི་དྲུང་ན་ལམ་དུས་ཞིག་ལེན་པའི་ངང་ལ། དཔལ་མཁའ་འགྲོ་རྒྱ་མཚོའི་དཀྱིལ་འཁོར་ཆེན་པོའི་སྣང་བ་ཤིན་ཏུ་གསལ་བ་ལྷ་ཚོགས་མ་ལུས་པ་གཅིག་གིས་གཅིག་མ་བསྒྲིབས་པ་མཐོང་བ་དྲི་མེད་ཁྱད་པར་ཅན་དང། དཔལ་ཤ་ཝ་ར་ཡིན་སྙམ་པའི་ཨ་ཙ་ར་ནག་པོ་ཧུར་བག་ཅན་གཅིག་དབང་གིས་བརྡ་སྤྲད་པའི་ཡིད་ཆེས་སོམ་ཉི་མེད་པར་བྱུང་ནའང། མཆོག་གི་སྤྲུལ་པའི་སྐུ་དེ་ཉིད་ཀྱི་ཐུགས་རྗེ་ཡིན་སྙམ་པའི་གུས་པ་ཁ་ཙམ་མིན་པར་སྐྱེས་སོ༎ དེར་ཟླ་བ་བདུན་པའི་ཚེས་བཅུ་གཅིག་ལ་རྗེ་སྐུ་མཆེད་གཉིས་ཀའི་དགེ་ཚུལ་གནང་བའི་སློབ་དཔོན་དང། བཅུ་གཉིས་ཉིན་རྗེ་དྲུང་དབོན་རིན་པོ་ཆེའི་ཞལ་སྔ་ནས་བསྙེན་རྫོགས་མཛད་པའི་ཕྱག་ཕྱི་བསྒྲུབས། དེར་བྱུང་བའི་རྙེད་པ་རྣམས་བདག་ཆེན་ཆོས་ཀྱི་རྗེ་དཔལ་ངག་གི་དབང་པོའི་དྲུང་དུ། དར་ཁ་བརྒྱ་དགུ་ཅུ་གོ་དྲུག་དཀར་ཡོལ་བཅོ་བརྒྱད། སྤོས་ཆག་བཅུ་ཁྲེས་བཞི་རྣམས་ཕུལ། ཚེ་དབང་ལྷ་དགུ་མ་ཞིག་དང། ལྷ་ལྔ་མ་ཅིག་ཞུས། བསྙེན་རྫོགས་ཀྱི་ལས་བརྗོད་པ་ཚར་འཕྲལ། འདོད་ཡོན་གང་ལ་ཡང་མ་ཞེན་པར། དེའི་ཉིན་རང་ཡོང། དེ་ནུབ་འཇིགས་སྐྱོབས་དགོན་པར་ཉལ། སང་སྤྱང་ལུང་དུ་སླེབ་འཕྲལ་རིན་པོ་ཆེའི་དྲུང་དུ། དར་ཆེན་དཔུས་བསྡུས་བགྱིས་པའི་མདོག་ཐ་དད་པ་མདའ་ཚད་ཉེར་ལྔ། ཇ་དམར་འདོན་ཁ་ལྔ། དཀར་ཡོལ་ཤིན་ཏུ་ལེགས་པ་བདུན་ཕུལ། གླང་ཐང་དུ་འབྲིང་དར་ཁ་གྲངས་བཞི་བཅུ་ཞེ་དགུ་འབུལ་དུ་བཏང་ནས། ཡེར་པ་