[A:34]བཟང་བརྟན་པས་ཞུས་པའི་ཞར་ཆོས་ལ་གནང་ཞིང། ཁྱོད་ཤེས་རབ་ཆེ་བར་འདུག་པ་འདི་ལྟ་བུའི་བསྟན་པ་ལ་སྲིད་ཞུ་ཆེ་བའི་སེམས་ལ་ངེས་ཤེས་བརྟན་པོ་ཕྱོགས་རེར་མ་སོང་བའི་བློ་རྒྱ་བསྐྱེད་དགོས་གསུང་བ་དེང་སང་ཡང་སེམས་ལ་གསལ་བར་འདུག། སྨན་བླའི་མདོ་བརྒྱད་བརྒྱ་པ། མཁན་ཆེན་བོ་དྷི་སཏྭའི་ཆོ་ག་འབྲིང་པོ། མཆིམས་ཀྱི་མདོ་བཤད་ཆེན་མོ། ཇོ་གདན་གྲགས་གཞོན་གྱི་ཆོག་བསྒྲིགས། གནས་བརྟན་ཕྱག་མཆོད། དོན་ཞབས་ལྷ་ལྔ་དང་དཔའ་བོ་གཅིག་པའི་རིགས་གཏད། ཨ་མོ་གྷ་པཱ་ཤའི་རྟོགས་པ། དེ་ཉིད་བཅུ་དྲུག་གི་ཆོ་ག་སོགས་ཕྱོགས་འདིའི་རྒྱ་བོད་ཀྱི་ལུགས་མ་ཙང་བ་མེད་པ། གཞན་ཡང་སྒྲུབ་ཐབས་བརྒྱ་རྩ་དང། རྒྱ་མཚོར་མ་འདུས་པའི་ཟུར་བཀའ་རྣམ་པར་དག་པ་ཇི་སྙེད་པའི་རྗེས་གནང། ཡིག་ལུང་ཡང་སྩལ། ནང་སེལ་གྱི་ཕྱག་ལེན་ཕན་ཚུན་ལ་ཡང་ནན་ཏན་དུ་སྦྱོར་བར་མཛད་ཅིང། ཁྱད་པར་ཕྱོགས་འདིར་ཀུན་རིག་གི་ཆོ་ག་འདི་ཁོ་ན་དགོས་པ་ལ། དབང་ཙམ་ཡང་མ་ཐོབ་པར་ཆོག་བྲལ་དུ་འཇུག་པ་སོགས་དར་ལ་མ་སྨིན་པར་འདུག་པས། འདི་ལ་འཁྲིག་ཆུད་པའི་ཕྱག་རྒྱ་ཕྲ་མོ་ཡན་ཆད་ལ་བརྙས་པར་མ་སོང་བའི་བསླབ་སྦྱངས་ཡང་དག་བགྱིས་ཅེས་བཀའ་གནང་ཞིང། ཀུན་རིག་གི་དབང། སྦྱོང་རྒྱུད་ལ་མཆན་བཤད་ཞིབ་མོ། གཞན་ཕན་སྐོར་གསུམ་གྱི་ལུང། ཆོ་གའི་ཕྱག་ཁྲིད་མཐོང་བ་བརྒྱུད་པའི་བཀའ་དྲིན་ལ་འགོད་པར་མཛད་རྗེས། ལོ་གསུམ་གྱི་དགུན་ཟླ་བ་བཞི་རེའི་བར་ལམ་འབྲས་ཆོས་ཐུན་ཤིན་ཏུ་ཆེ་བ། ཉི་ཚོད་ཙམ་ལ་ཡང་སྔ་ཕྱི་མེད་པའི་གཎྜི་སྒྲས་བསྐུལ་ནས། བར་ཆད་ཀྱི་མཚན་མ་ཅུང་ཟད་ཀྱང་མེད་པར་མཐར་ཕྱིན་པ་ཁོ་ནའི་སྒོ་ནས་བཟླས་པ་ལན་གསུམ་དུ་ཐོས་པས། དམིགས་