R144: རྗེ་བཙུན་ཀུན་དགའ་གྲོལ་མཆོག་གི་ཕྱི་ནང་གསང་གསུམ་གྱི་རྣམ་ཐར།

  • Pagination (Witness A): 179
[A:179]ཤྲེ་ཡ་སེ་ཏུ། དཔལ་གྱི་འབྱུང་གནས་ཡིད་ཆེས་ལྡན་པའི་རྗེ༎ གྲོལ་བ་མཆོག་གི་ཐར་ལམ་སྟོན་མཁས་པ༎ བློ་གསལ་རྒྱ་མཚོའི་སྡེ་ཡི་གཙུག་གི་རྒྱན༎ བརྒྱུད་ལྡན་བླ་མའི་ཚོགས་ལ་ཕྱག་བགྱིའོ༎ འདི་ལྟར་ལོ་ཟླའི་ཟོལ་གྱིས་ཁྲིད་པའི་མཐར༎ སྐྲ་དཀར་ལྕགས་ཀྱུའི་མཚོན་ཆས་ཉེར་བཟུང་ནས༎ ལང་ཚོ་ཡོལ་བའི་རྒན་པོའི་རང་བཞིན་ལ༎ ངང་གིས་འཇུག་པ་འདི་ཀོ་ངོ་མཚར་རྨད༎ གཞོན་ནུའི་རང་བཞིན་བྱིས་པའི་རང་ཉམས་ཀྱིས༎ ཆོས་བརྒྱད་ཟོལ་ལ་བརྟེན་པའི་སྒེག་ཆོས་ལས༎ རིང་དུ་སོན་པའི་མང་ཐོས་དྲང་སྲོང་བདག༎ ཆག་མེད་བས་མཐའི་གནས་ལ་ཡིད་རབ་འཕྱོ༎ བརྗོད་པའི་ཚིག་གི་དབུ་བས་མི་ངོམས་ཤིང༎ ཐོས་པའི་མིག་དཀྱུས་གཡོ་བའི་ཡིད་དྲངས་ནས༎ ཐ་སྙད་རྟོག་པའི་ལམ་ལ་བགྲོད་པ་ཡི༎ ངལ་བ་འདི་ཀོ་རང་མྱོང་བླུན་པོའི་གཤིས༎ དོན་གྱི་ཁུ་བཅུད་སྙིང་གི་བུམ་བཟང་དུ༎ ཉེ་བར་ལེན་པའི་སྐལ་བཟང་གྲོགས་པོ་དག༎ ཚིག་གི་ན་ཡར་སྤྱོད་པའི་སེམས་བོར་