R144: རྗེ་བཙུན་ཀུན་དགའ་གྲོལ་མཆོག་གི་ཕྱི་ནང་གསང་གསུམ་གྱི་རྣམ་ཐར།

  • Pagination (Witness A): 180
[A:180]ལ༎ དོན་བཞིན་འདོམས་ལ་སྙིང་ནས་ཡིད་ཆེས་བྱོས༎ ཨེ་མ་དམ་ཆོས་རིན་པོ་ཆེ༎ བསམས་བཞིན་དཀའ་བར་སྟོན་པའི་ཚུལ༎ མཐར་ཐུག་རྫོགས་པའི་སངས་རྒྱས་ཉིད༎ ཇི་ལྟར་རྙེད་སྙམ་སོ་ཉེར་སྤྱོད༎ ཐོས་པ་ལས་གཞན་ལམ་མེད་ཅིང༎ བདག་ནི་ཐོས་པའི་ཁུར་གྱིས་བཅིངས༎ ཐོས་བྲལ་མུ་ཅོར་སྨྲ་བ་ནི༎ སྙིང་ནས་སྤྱོད་པར་མ་ནུས་གྲང༎ བསྟན་པ་ལས་ལྷག་བཀུར་བསྟིའི་གནས༎ གཞན་དུ་རྡུལ་ཙམ་མ་དམིགས་ཚེ༎ དེ་ཉིད་འཛིན་དང་སྤེལ་བའི་ཕྱིར༎ ཐོས་པས་མི་ངོམས་ཉིད་དུ་གྱུར༎ ཐོས་བསྒོམ་སྤེལ་མར་བགྱིད་པའི་སེམས༎ ཡིད་གཉིས་འཕྱང་མོར་སྤྱོད་ན་ཀོ༎ དབེན་གནས་རི་བོའི་ཁྲོད་ཉིད་དུ༎ གཉུག་མའི་རང་ཞལ་བལྟ་བར་སྨོན༎ བལྟ་ཡུལ་མཐོང་བྱའི་གནས་མིན་པའི༎ ཁྱབ་གདལ་གཉུག་མའི་དེ་ཉིད་ནི༎ གྲོང་དང་དབེན་པའི་གནས་དག་ཏུའང༎ རོ་མཉམ་ཉིད་ཕྱིར་འབད་པས་ཅི༎ བདག་བློ་ཐོས་པའི་བང་མཛོད་འདིར༎ དབང་ལུང་གདམས་པའི་རིན་ཆེན་དག༎ དད་པའི་ཟོང་གིས་ཉེར་ཐོབ་པའི༎ གནས་ཚུལ་ཆ་ཙམ་ཡི་གེར་སྤེལ༎ དེ་ཡང་རང་གི་ལས་སྣང་གི་ཀུན་རྟོག་ཇི་ལྟ་བའི་གནས་ཚུལ་སྒྲིབ་མེད་དུ་བྲིས་པའི་ཡི་གེ་སྔ་མ་དེ་ཉིད་དང་རྗེས་སུ་འབྲེལ་བའི་བརྗོད་པའི་སྒོར་གྱུར་བ་ཡང། རྒྱ་སྒོམ་སྦས་པའི་རྣལ་འབྱོར་བས་དངོས་གྲུབ་ཀྱི་ཕ་ཕོགས་འབྱུང་བར་ལུང་བསྟན་པའི་གནས་དོན་མངོན་སུམ་དུ་མཐོང་བའི་སྐབས། ཡིད་བདེ་མར་ངོ་འཕེལ་བའི་ངང་ནས། མི་འཇིགས་པ་སྐྱབས་ཀྱིས་བདེ་བར་འཚོ་བའི་ཞིང་དཔལ་ཁྲི་ཁང་གི་ཡང་རྩེ་རྣམ་པར་རྒྱལ་བའི་ཕོ་བྲང་མཐོན་པོར་མི་དབང་ཡབ་སྲས་ཀྱི་དྲུང་དུ། པཎ་ཆེན་ནགས་ཀྱི་རིན་ཆེན་ནས་བརྒྱུད་པའི་ཚེ་འཛིན་