R144: རྗེ་བཙུན་ཀུན་དགའ་གྲོལ་མཆོག་གི་ཕྱི་ནང་གསང་གསུམ་གྱི་རྣམ་ཐར།

  • Pagination (Witness A): 178
[A:178]པའི་དགའ་བསྐྱེད་གཏམ༎ བཅིངས་པ་གྲོལ་ལྟར་དོན་མཚོན་པའི༎ མཆོག་ཏུ་སྐལ་བཟང་བསྟི་གནས་ཉིད༎ འདི་ན་ཀུན་རྟོག་མེ་ལོང་ལ༎ རང་དགའི་བག་ཆགས་གཟུགས་བརྙན་ཙམ༎ འཛིན་པ་རང་གྲོལ་ཤར་བའི་ཚེ༎ མཆོག་དམན་ཡོངས་ལ་གསལ་བར་སྨྲས༎ ཅུང་ཟད་བཟློས་པར་སྨོས་པ་རྣམས༎ བློ་གྲོས་དམན་པས་གོ་ཕྱིར་ཏེ༎ ཤིན་ཏུ་བླུན་ངོར་བརྗོད་པ་ན༎ སྨྲ་པོ་བ་ལང་མཚོན་པ་ཉིད༎ དེ་སྐད་བརྗོད་འདི་སྙོམས་ལས་ཀྱི༎ འདམ་བྱིངས་གྱུར་ཀྱང་དབང་མེད་དུ༎ བསྐུལ་བྱེད་མང་པོའི་ནན་ཚིག་ངོར༎ སྡེབས་ལ་མཁས་རྣམས་བཟོད་པར་བཞེས༎ འདིར་འབད་ལས་བྱུང་དགེ་བའི་ཆ༎ ཀུན་དགའི་ཡིད་ཆེས་ལས་སྐྱེས་པས༎ འགྲོ་བ་སྨིན་གྲོལ་ལམ་འགོད་པའི༎ དེད་དཔོན་མཆོག་ཏུ་བདག་གྱུར་ཅིག༎ ཅེས་པ་འདི་ནི་བོད་ཡུལ་སྟོད་ཀྱི་ཆ༎ མངའ་རིས་ཀྱི་རྒྱུད་དུ་བྱུང་བའི་དགེ་སློང་ཐོས་པ་འཛིན་པ་དཔལ་ལྡན་ཀུན་དགའ་གྲོལ་མཆོག་བློ་གསལ་རྒྱ་མཚོའི་སྡེ་ཅེས་བྱ་བས༎ བསྟན་པ་ལ་དགའ་བའི་ལྷ་རྣམས་ཀྱིས་མངོན་པར་བསྲུངས་པས་ཕྱིར་རྒོལ་གཞན་གྱིས་ཀླགས་བལྟ་བར་དཀའ་བའི་ལྗོངས། མི་འཇིགས་པ་སྐྱབས་ཀྱིས་སྦྱིན་པས་བདེ་བར་ཚོ་བའི་ཞིང། ཟོང་འདོད་དགུ་འབྱུང་བའི་ཚོང་འདུས། དཔལ་ཁྲི་གང་གི་ཡང་རྩེ་རྣམ་པར་རྒྱལ་བའི་ཁང་བཟང་མཐོན་པོར་སྦྱར་བ་ལས། སླར་ཡང་བསོད་ནམས་ཆེན་པོའི་དཔལ་གྱིས་མངོན་པར་མཐོ་བའི་མི་དབང་ཡབ་སྲས་ཀྱི་བཀས། ལྷག་མ་ལུས་པའི་གནས་འདོམས་པ་ཞིག་ཅི་ནས་ཀྱང་སྤེལ་ཞིང་ཉེར་ལེན་གྱི་ལེགས་ཚོགས་མཐའ་དག་ཡང་ཡང་དུ་བསྐུལ་འདེབས་ནན་གྱིས་མཛད་དེ་ཡོངས་སུ་རྫོགས་པར། དཔལ་སྣར་ཐང་གི་ཆོས་གྲྭ་ཆེན་པོ། ནག་པ་ཟླ་བའི་ཚེས་གཅིག་ལ་གྲུབ་པའི་ཡི་གེ་པ་ནི། ཤྲ་དྷཾ་པྲཛྙ་མ་ཏི་ཛོ་ཀི་ཙརྱ་སེ་ན་ཅེས་བྱ་བས་མོས་ཤིང་གུས་པའི་བློས་བགྱིས་པ་ཕྱོགས་དུས་ཐམས་ཅད་དུ་དགེ་ལེགས་ཀྱི་རྒྱུར་གྱུར་ཅིག༎ ་་༎ རྣམ་ཐར་སྐལ་བཟང་དད་པའི་ཤིང་རྟ་འདྲེན་བྱེད་ཀྱི་འཕྲོས་ཟུར་འདེབས་མཛེས་རྒྱན།