R144: རྗེ་བཙུན་ཀུན་དགའ་གྲོལ་མཆོག་གི་ཕྱི་ནང་གསང་གསུམ་གྱི་རྣམ་ཐར།

  • Pagination (Witness A): 186
[A:186]རྒྱུད་ཤོངས་འགྱུར་བུ་ཆན་གྱི་སྟེངས་ནས་སློབ་བཤད་དུ་བགྱིས་པའི་ཆོས་ཐུན་ཆེ་ངེས་ཉིད་རེ་བཞིན་བར་མ་ཆད་སྔ་དྲོའི་ཆ་ལ་ཕུལ་མཐར། སྔར་སྤྱང་ལུང་དུ་གསོལ་བ་བཏབ་པའི་འདོད་ཆོས་ཞུ་བ་ལ་ངེད་རང་དཔོན་སློབ་རྣམས་ཀྱིས་ལམ་བསྲངས་ནས་ཕྱིན་ཞིང། སྤྲུལ་པའི་སྐུ་དཔོན་སློབ་རྣམས་ཀྱང་སླད་ནས་ཀོང་པོ་སོགས་བྱང་རིགས་ཀྱི་མི་ཆེན་ཐ་དད་དང། སྨད་ཧོར་སོགས་འགྲོ་བ་སོ་སོའི་སྤྱན་འདྲེན་ཆོས་ཞུ་འབུལ་འདེགས་སོགས་ལ་ཡུན་རིང་དུ་ཕྲིན་ལས་རྒྱ་འབྱམས་སུ་བཞུགས་པའི་བར། དཔལ་སྤྱང་ལུང་གི་དབེན་གནས་ཉིད་དུ། གོང་དུ་སྙན་གསན་བཏབ་པའི་ཐེག་ཆེན་ཆོས་ཀྱི་རྒྱལ་པོ་ནས། རིགས་འཛིན་ལོ་བརྒྱ་པ་སྤྱང་ལུང་པ་གཞོན་ནུ་བློ་གྲོས་ཉིད་ལ་བཀའ་བབས་པའི་ལམ་འབྲས་ལམ་སྐོར། ཆོས་སྐྱོང་ཆེ་ཆུང། དེ་དག་དང་འབྲེལ་བའི་དབང་བཀའ་བྱིན་རླབས་ཡོད་དོ་ཅོག་གི་རྒྱུན་བུམ་པ་གང་བྱོའི་ཚུལ་དུ་རྫོགས་པར་ཞུས། འབྲོག་ཕྱོགས་སུ་བྱུང་བའི་འབུལ་བ་ཐ་ན་བཟའ་བཅའ་ཚུན་ཡང་ཕྱག་ཏུ་དེངས་པར་བྱས་ཤིང། སྐབས་དེར་སྔར་མ་ཐོབ་པའི་ཞི་བྱེད་བརྒྱུད་པ་ཕྱི་མའི་གླེགས་བམ་གྱི་དབང། བྱིན་རླབས། བརྡ། ངོ་སྤྲོད། ཕྱག་རྒྱ་ཆེན་པོ་རིམ་པ་གཅིག་ཆར་བའི་གདམས་པ། གྱེས་པ་ཡལ་གའི་ཆོས་སྡེ་ཉི་ཤུ་རྩ་ལྔ་པ། འདྲིལ་བ་སྡོང་པོའི་ཆོས་སྡེ་དོན་རྒྱུད་སྐོར་གསུམ། ལག་ཁྲིད་ལྔ་བཅུ་རྩ་ལྔ། གནད་འགག་ལྔ་བཅུ་རྩ་ལྔ་པ། མདོ་སྡེ་ཤེས་རབ་སྙིང་པོའི་དོན་འགྲེལ། དེ་ཉིད་བརྒྱ་དང་བརྒྱད་ཅུ། ནུབ་ཕྱོགས་སུ་དགྱེས་པའི་མཚོན་དཔེ་བརྒྱ་དང་བརྒྱད་ཅུ། བྱང་དུ་གྱེས་པ་བརྒྱ་དང་བརྒྱད་ཅུ་པ། ཡོངས་སུ་སྨིན་པ་འབྲས་བུའི་ཆོས་སྡེའི་རྟེན་འབྲེལ་བརྒྱད་ཅུ་པ། ཞུས་ལན་དུམ་བུ་དྲུག་པ། ལེའུ་ཕྲན་ལྔ་ཅུ་རྩ་བཞི་ལས། དང་