[A:194]གཏེར་ཁ་ཕྱེ་སྟེ་སྐལ་ལྡན་མང་པོ་ཡིད་ཆེས་ཀྱི་ས་ལ་བཞག། དཔལ་སྟག་ལུང་གི་ཆོས་གྲྭ་ཉིད་དུ་སྤྱི་དང་གང་ཟག་ནས་ལོངས་སྤྱོད་ཀྱི་དངོས་པོ་བསམ་གྱིས་མི་ཁྱབ་པའི་འབུལ་སྣོད་བྱུང་བ་ཀུན་ཀྱང་དཔང་ཐུབ་པ་ཁོ་ནའི་ཐོག་མར་དངོས་གྲུབ་ཀྱི་བར་ཆད་སེལ་བའི་ལྷ་མགོན་པོ་མཐོང་བ་དྲི་མེད་ཀྱི་ཡིད་ཆེས་བསྐྱེད་པའི་རྟེན་མཆོད་ཁང་རྩེ་ན་བཞུགས་པའི་དངུལ་སྐུའི་མགོན་པོ་ཆེན་པོའི་དྲུང་དུ། སྔ་ཕྱིར་སྙན་དར་དྲུག་ཅུ་རེ་བཞི་ཙམ་དང། རྭ་བསྒྲེང་དུ་ཇོ་བོ་འཇམ་པའི་རྡོ་རྗེའི་སྐུ་ལ་གསེར་ཆབ་བསྟུད་མར་ལན་གསུམ། དགོན་གོ་འོག་གི་ཞལ་གསེར་འབུལ་འོས་ཐམས་ཅད་ལ་གསེར་ཆབ། སོ་སོ་ལ་གོས་དར་གྱི་སྙན་དར་འབུལ་དགོས་ཉེར་ལྔ་ཙམ་ཁ་ཡིག་འབྱར་བ་དང། དགེ་འདུན་ཚོགས་ལ་མང་ཇ་འགྱེད་ཆས། བླ་མ་རྣམ་གཉིས་ལ་བསྔོ་རྟེན། དཀོན་གཉེར་སོ་སོ་ལ་གནང་སྦྱིན་དཔེ་བྲལ་བསྒྲུབས་རྗེས་སྟག་ལུང་གི་ཚོགས་ཆེན་པོར། སྔ་རྟིང་གི་ཇ་འགྱེད་བགྱིས། སླར་ཡང་སྤྱང་ལུང་གི་དབེན་གནས་སུ་ཟླ་ཕྱེད་ཙམ་བསྡད་རིན། དཔལ་རིན་པོ་ཆེའི་དྲུང་དུ་ཉི་ཤར་ལ་ཕྱག་འཚལ་རྟེན་བཀྲ་ཤིས་ཁ་བཏགས་རེ་རེ། ཉིན་བར་ལན་དུ་མཇལ་ལ་དར་ཁ་རེ་རེ། ནུབ་མོ་གཟིམ་མལ་དུ་ཕེབས་མཚམས་ཞབས་དཀྲིས་གོས་ཆེན་ཁ་རེ་ཕུལ། ཞབས་ལ་གཏུགས་སྨོན་ལམ་མ་ཆག་པར་བགྱིས་ཤིང། དེའི་རིན་གྱི་བཀའ་ཆོས་ཀྱི་རིམ་པ། པཎ་ཆེན་རིན་པོ་ཆེ་ནས་བརྒྱུད་པའི་ནཱ་རོ་ནི་གུའི་ཁྲིད། གོང་གི་ལམ་འབྲས་ཀྱི་ཆ་ལག་བདག་མེད་མ་ཕྱི་ནང། རྣམ་འཇོམས་བིར་ལུགས། ལམ་ཟབ་ཕྱི་ནང། བིར་བསྲུངས་ཐུན་མོང་ཐུན་མོང་མ་ཡིན་པ། བླ་མ་རིན་འབྱུང། ཚར་གསུམ་ཁུག་པ། བརྡ་ཚིག་བརྒྱུད། བརྡ་དོན་གསལ་བ། གྲུབ་པ་ལུང་སྦྱིན། མགོན་