R144: རྗེ་བཙུན་ཀུན་དགའ་གྲོལ་མཆོག་གི་ཕྱི་ནང་གསང་གསུམ་གྱི་རྣམ་ཐར།

  • Pagination (Witness A): 193
[A:193]ལས་འདས་པའོ་ཞེས་པའི་ཁས་ལེན་འགོག། མི་རྟོག་པའི་སྐབས་སུ་ཆོས་གང་ལ་ཡོད་མེད་དང་ཡིན་མིན་རྟག་ཆད་སོགས་མུ་བཞིའི་སྒྲོ་འདོགས་ཆོད་ནས་ཁས་ལེན་ཅི་ཡང་མེད། འཛིན་སྟངས་གང་དུའང་མི་སྦྱོར་བར། མི་མནོ། མི་སེམས། མི་བསྒོམ། མི་དཔྱད་པར་མཉམ་པར་བཞག་བྱ་མེད་ཀྱང། དེ་ཉིད་ལ་མི་རྟོག་པའི་རྣལ་འབྱོར་གྱི་ཐ་སྙད་བྱས་པ་ཡིན་ནོ༎ གསལ་བའི་ལྟ་བ་ཐུན་མོང་མ་ཡིན་པ་སྔགས་ལས་གཙོར་གསུངས་ལ། ཟབ་གསལ་གྱི་ལྟ་བས་མདོ་སྔགས་ཀྱི་ལམ་རྫོགས་ལ། བསྒོམ་པ་ལ་བསྐྱེད་རྫོགས་གཉིས། བསྐྱེད་རིམས་ལའང་བསྐྱེད་རིམ་དངོས་དང་རྫོགས་རིམ་ཐུན་མོང་བ་དགོས་ཏེ། ཚོགས་གཉིས་ཟུང་འབྲེལ་དུ་ཉམས་སུ་བླང་དགོས། རྫོགས་རིམ་ལའང་རྟེན་བསྐྱེད་པའི་རིམ་པ་དང། བརྟེན་པ་རྫོགས་པའི་གཉིས་སུ་ཡོད། དེ་ལ་སྐུ་རྡོ་རྗེའི་ཁྲིད། གསུང་རྡོ་རྗེའི་ཁྲིད། ཐུགས་རྡོ་རྗེའི་ཁྲིད། དབྱེར་མེད་ཡེ་ཤེས་རྡོ་རྗེའི་ཁྲིད་རྣམས་གསུངས། དང་པོ་ལས། སོར་བསྡུད་ཆོས་སྐུ་སྔོན་དུ་བྱེད་པའི་ཁྲིད་ཡིན། བསམ་གཏན་གཟུགས་སྐུ་སྔོན་དུ་བྱེད་པའི་ཁྲིད་ཡིན། དེ་ཡང་རྟོགས་པ་རགས་པ་ལ་དམིགས་པ་གཙོ་བོར་འཛིན་ཅིང། དཔྱོད་པ། དེ་ལས་ཤིན་ཏུ་ཕྲ་བ་ལ་སྤྱད་ན་བསྒོམ་པ་ཡིན་ནོ༎ དགའ་བདེ་གཉིས་ཕན་ཡོན་གྱི་ཡན་ལག་ཡིན། དེ་བཞི་སྔོན་དུ་སོང་བ་ལས་སེམས་བརྩེ་བ་གཅིག་དོན་གྱིས་འབྱུང་ངོ༎ ཅེས་སྟོང་ཟོབ་ཀྱི་དཔེ་གླགས་ལུང་ཙམ་དུ་མ་སོང་བའི་ཐུགས་ཀྱི་རེ་བ་ཡོངས་སུ་བསྐངས། གཅུང་རིན་པོ་ཆེ་རས་ཆེན་པའི་དྲུང་དུ། ཞབས་དྲུང་ཆེན་མོར་ཕུལ་བའི་བཀའ་ཆོས་ཇི་སྙེད་པ་སྐྱར་ཆོས་སུ་ཕུལ་ཞིང་ཕ་གཅིག་བུ་གཅིག་གི་དགོངས་རྩེ་གནང། ཚོགས་པ་སྤྱི་ལ་ནི་གུ་ཕྱག་ཆེན་ཟབ་རྒྱས་ཀྱི་