R144: རྗེ་བཙུན་ཀུན་དགའ་གྲོལ་མཆོག་གི་ཕྱི་ནང་གསང་གསུམ་གྱི་རྣམ་ཐར།

  • Pagination (Witness A): 200
[A:200]མངའ་ཐང་ལ་ཅུང་ཟད་རྩུབ་པའི་བར་ཆད་ཀྱི་སྒོ་ཨེན་ཙམ་གྱི་འཆར་སྒོ་སྒྲིབ་མེད་དུ་བྱུང་པ་ནས། རྒྱལ་པོ་ཆེན་པོ་སྡེ་བཞིའི་རྡུལ་ཚོན་གྱི་དཀྱིལ་འཁོར་ཞལ་ཕྱེ། ཆོས་རྒྱལ་མེས་དབོན་རྣམས་ལ་དབང་འབུལ་བར་བརྩམས་པའི་ཆོ་གའི་སྐབས་བཟློ་སྐར་ཆུང་ངུ་ནས་ཙན་ཐབས་སུ་ཕུག་རོན་སྔོ་ནག་ཅིག་གློ་བུར་དུ་འཕུར་ནས་དཀྱིལ་འཁོར་གྱི་ཁར་མཆོངས་བྱུང་བ་ལ། ལག་པས་བསྙབས་པས་ཤོག་པ་ནས་ཟིན་བྱུང་མཚམས། བསམ་པ་ལ་འདི་ཕུག་རོན་རང་བརྒྱུད་པ་ནི་མ་ཡིན། བར་ཆད་རྩོམ་པའི་དམིགས་བྱ་དེར་འདུག་པས་བསྒྲལ་ལམ་སྙམ་པ་སྐད་ཅིག་ལ། ཅི་བདེན་པ་ལ་བརྫུན་པར་སྒྲོག་པའི་ངན་པ་དག་གི་བླ་མས་ཕུག་རོན་བསད་ཟེར་བ་ལ་དགོས་པ་མི་འདུག་སྙམ་པའི་ཡིད་སྤྱོད་སྐྱེས་ནས་ཕྱིར་སྐྱེལ་དུ་བཏང། དེ་མཚམས་རང་དབང་ཕུལ་ཅིང། དེ་མན་མནལ་ལམ་རྩུབ་པ་སོགས་ཀྱང་འགྱུར། སྐུ་ཆགས་ཀྱང་ནང་ཁུལ་དུ་འགྱུར་ངེས་པའི་མཚན་མ་གསལ་པོ་གཟིགས་གསལ་དུ་ཕེབས། རང་ཡང་ཡིད་བདེ་སྙམ་པའི་ངང་ནས་ལོ་དུས་ཀྱི་དུས་དབང་རྣམས་འབུལ་བའི་དབུ་བཙུགས། རང་གི་ཡི་དམ་དུ། ཀ་ཡ་ཐ་པ་ཤྲདྡྷཾ་པྲཛྙཱ་མ་ཏི་རྣལ་འབྱོར་སྤྱོད་པའི་སྡེས། དཔལ་དང་པོའི་སངས་རྒྱས་ཀྱི་བསྡུས་རྒྱུད་ཉིས་བདག་ཉིད་དུ་ལི་ཁི་ཏཾ་གྱི་ངོ་མཚར་བསྐྲུན་པ་དང། སྤྲུལ་སྐུ་ཨ་ལྷུན་པ་སྤུན་གྱིས་རྡོ་རྗེ་ཕྲེང་བའི་དཀྱིལ་འཁོར་འབྲི་བའི་དབུ་བཙུགས། ཏི་ཤྲཱི་ཆེན་པོའི་དྲུང་ཐ་སྐར་ལ་བསྐྱོད་མཚམས། དབྱར་རིངས་ཐོག་མར་པན་ཆེན་ནགས་ཀྱི་རིན་ཆེན་ནས་བརྒྱུད་པའི་སྦྱོར་དྲུག། ཨོ་རྒྱན་བསྙེན་བསྒྲུབ། གྲོལ་བའི་ཐིག་ལེ་སོགས་ཆོས་ཀྱི་རྒྱལ་པོ་ཆེན་པོ་ཉིད་སྐུ་རྐྱང་ལ་སྨར་ཁྲིད་མཛུབ་ཚུགས་སུ་ཕུལ་ཞིང། ཇི་ལྟར་ཕུལ་བའི་གནད་འདོམས་བརྙེལ་ཐོར་འདེབས་པ་