R144: རྗེ་བཙུན་ཀུན་དགའ་གྲོལ་མཆོག་གི་ཕྱི་ནང་གསང་གསུམ་གྱི་རྣམ་ཐར།

  • Pagination (Witness A): 201
[A:201]གནང་འདུག་པ་ནི། རང་གིས་བློ་གྲོས་ཀྱིས་འབད་དེ་བརྩམས་ཀྱང་སྔོ་མི་ཐོགས་པར་གྱུར་ཞིང། དཔལ་མཁའ་འགྲོ་རྒྱ་མཚོ་འཁོར་ལོ་བཅུ་གཉིས་རྡུལ་ཚོན་གྱི་དཀྱིལ་འཁོར་ཆེན་པོ་རང་ཉིད་གཅིག་པུའི་ལག་བྲིས་སུ་དབང་ཕུལ་ཞིང། འདི་སྐབས་ཆོས་རྗེ་དགེ་བཅུ་བ་ལ་ཀྱཻ་རྡོར་བཀའ་བབས་བཞིའི་དབང། བདེ་མཆོག་ནག་པོ་པ། གསང་འདུས་མི་བསྐྱོད་པ་སོགས་ཀྱི་དབང་གནང། གུར་སམ་གྱི་རྒྱུད་ལུང། བཀའ་གདམས་ཐིག་ལེ་བཅུ་དྲུག་གི་དབང་སྐབས། ནམ་མཁའ་ལ་འཇའ་ཚོན་ངོ་མཚར་ཆེ་སྙམ་པ་བྱུང། དེ་སྐབས་ལྷོ་རི་བོ་ཆེ་ནས་རིན་པོ་ཆེ་མང་དཀར་བ་དཀའ་བ་ཆེན་པོས་སྤྱན་དྲངས། ཕྲེང་བ་སྐོར་གསུམ། ཀྼ་ཡའི་ཁ་སྐོངས་དང་བཅས་པའི་དཀྱིལ་འཁོར་ཞེ་ལྔར་དབང་ཞུས་པའི། དཀྱིལ་འཁོར་ཆུང་མཐའ་ལ་དར་ཁ་གསུམ་རེ། དེ་གོང་ལ་དར་ཁ་ལྔ་ཙམ་དང་བདུན་ཙམ་སྤེལ་བ་ཤ་སྟག་དང། དུས་འཁོར་ཆོས་དབྱིངས་གསུང་དབང། འཇམ་དབྱངས་སྐུ་དྲ། རྡོ་རྗེ་དབྱིངས་སོགས་ལ་དར་ཁ་བཅུ་གསུམ་རེ། བདེ་ལེགས་དཀྱིལ་འཁོར་གསུམ་ལ་ཁ་ཐགས་དཀར་པོ་ལྔ་ལྔ། དབང་ཚུགས་པའི་ཉིན་སྐུ་ཆོས་སྲབ་ཆེན་ལེགས་པ་གྲས་གྲུབ། རྒྱ་དྲིལ་ཤིན་ཏུ་བཟང་བ། རྟེན་ཁེབས་བཟང་བསྒྲིགས་སྒོ་ཚད་གཅིག། དབང་གྲོལ་བའི་ཉིན། གསེར་ཞོ་ལྔ་འགོར་བའི་ཐིག་པོ་ཅིག་གིས་སྣ་དྲངས་པའི་ཆོས་ཡོན་ཡང་དག་གིས་དགེས་པ་བསྐྱེད་མཚམས། ཆོས་རྗེ་པ་དེ་རིང་ཐོགས་པའི་གནངས་ཉིན་ངེད་རང་གིས་ཀྱང་ཉི་མ་དབུས་ཀྱི་ཕྱོགས་ལ་བཏེགས་པའི་སྐབས། ཆོས་རྒྱལ་ཆེན་པོས་གསེར་ཞོ་སུམ་ཅུ་སོ་བདུན་གྱི་མཎྜལ་དང། ཙན་དན་དམར་པོའི་སྡོང་པོ་ཤིན་ཏུ་ཆེ་བས་མཚོན་པའི་གནང་སྦྱིན་ཟླ་མ་མཆིས་པ་བསྩལ། ཟླ་བ་དགུ་པའི་ཉེར་ལྔ་ལ་བྱང་