[A:206]ཆོས་ཀྱི་སྒོ་རབ་འབྱམས་རྗེས་སུ་ནོད་པའི་བཀའ་ལུང་ཡང་ཡང་གནང་བའི་དགོངས་ལེན་གྱི་ཁ་ཆད་སྣེ་ཁྲིད་དུ་ཕུལ་ནས། དབྱར་ཡར་རྒྱབ་ཕྱོགས་སུ་དཔོན་ས་ཡུམ་སྲས་དྲུང་དུ་འབོད་མི་དོས་དྲག་སྟག་ལུང་མན་རིམ་ཅན་དུ་གནང་བའི་ཞལ་ངོ་མ་ཆོགས་པར་ཕྱིན། ཚོགས་དགེ་འདུན་སྒང་པའི་མཁན་རིན་པོ་ཆེའི་ཞལ་སྔ་ནས་དང། ཞོ་མ་མཁན་ཆེན། མོན་བུ་མཁན་ཆེན། དར་ལུང་མཁན་ཆེན། བྱམས་སྡིངས་མཁན་ཆེན། མཚལ་མིག་མཁན་ཆེན། དཔལ་སྡིངས་མཁན་ཆེན། རྣམ་རྒྱལ་མཁན་ཆེན། སྡེ་གླིང་མཁན་ཆེན། བྱམས་པ་གླིང་གི་ཟུར་ཆེན། ཆོས་འཁོར་སྒངས་ལ་སོགས་དྲག་བསྡུས་ཞལ་ངོ་གསུམ་གྱིས་གཙོ་མཛད། དབང་ཆ་གཅིག་ལ། སྣེ་གདོང་རྩེ་ནས་དཔོན་པ་རིན་པོ་ཆེའི་ཞབས་དྲུང་ནས་ཞུས་པའི་པཎ་ཆེན་ནགས་ཀྱི་རིན་ཆེན་ཉིད་ཀྱི་ཐིག་རྩ་གནང་བའི་རྡོ་རྗེ་ཕྲེང་བའི་དཀྱིལ་འཁོར་སྟེངས་ནས་དབང་རྫོགས་པར་ཕུལ། ཡར་ལམ་གོང་དཀར་རྡོ་རྗེ་གདན་དུ། རིན་པོ་ཆེ་བྱམས་དབང་པའི་དྲུང་དུ་སྔར་མ་ཐོབ་པའི། རས་ཆེན་དཔལ་འབྱོར་བཟང་པོ་ལ་སློབ་དཔོན་པདྨ་དངོས་སུ་གནང་བའི་ཚེ་དབང་ལྷ་བཅུ་བདུན་མ། གུ་རུའི་ཟླུམ་པོ་བཞིའི་དབང། རྡོ་རྗེ་ཕུར་པ་ས་ལུགས་ཀྱི་སྟོད་བྱང་ཆུབ་སྒྲུབ་ལམ་དང། སྨད་དྲག་པོ་སྒྲོལ་དབང་རྣམས་ཞུས་ཤིང། ཆོས་ཀྱི་བཀའ་དྲིན་གྱིས་ཞོ་ཞར་ཇ་སྡུམ། གོས་ཕྱི་ནང་ཤིན་ཏུ་བཟང་བ། བཀྲ་ཤིས་ཁ་བཏགས་རྣམས་ཕུལ་ཞིང། འབྲུམ་བུ་ལ་འཛེམ་སྟབས་རོང་ཆེན་ལ་བརྒྱུད། ངུར་མིག་གི་རྗེ་བཙུན་སྒྲོལ་མའི་དྲུང་དུ་སྔར་མཁྱུད་ལྟར་སྙན་དར་འབུལ་བ་དང་འདོད་དོན་གསོལ་བཏབ་བགྱིས། འབྲོང་རྩེར་ཞག་འགའ་ཟུང་དབང་ལུང་གི་འབྲེལ་པ་ཙམ་གྱི་རྟེན་འབྱུང་ཡེལ་