R144: རྗེ་བཙུན་ཀུན་དགའ་གྲོལ་མཆོག་གི་ཕྱི་ནང་གསང་གསུམ་གྱི་རྣམ་ཐར།

  • Pagination (Witness A): 207
[A:207]ནས། ཡང་ཡང་དུ་ཡིད་བདེ་ལྷག་པར་བསྐྲུན་པའི་བསྟི་གནས་མི་འཇིགས་པ་སྐྱབས་ཀྱིས་འཚོ་བའི་ཕོ་བྲང་འདི་ཉིད་དུ། རྒྱུན་གྱི་རྒྱལ་བ་འོད་སྣང་གི་ཚེ་ཆོག་བརྒྱ་རྩ་དང་འབྲེལ་བར། རང་མྱོང་གི་བཅུད། ཉམས་ལེན་གྱི་མཐིལ། རྟོགས་ཆོས་ཀྱི་ངོ་བོ། ཟབ་མོ་ནི་གུའི་ཆོས་དྲུག་གི་ཕྱག་ཁྲིད། མགོན་དཀར་ཡིད་བཞིན་ནོར་བུས་མཐའ་བསྟེན་པའི་ལེགས་ལམ་སྤེལ་བའི་སྐབས་འདི་ཉིད་དོ་ཅེས། རེ་ཤིག་བརྗོད་པའི་སྒོར་གྱུར་པ་ཡང་དེ་ཙམ་དེ༎ དབྲི་བསྣན་མེད་པའི་སརྒར་ཕྱེ་བ་ཡང་ལི་ཁི་ཏཾ༎ ཤེས་བྱའི་ཕ་མཐའ་རྗེས་དཔོག་བྱ་ལམ་འདྲ༎ རྣམ་དཔྱོད་གཤོག་པས་བགྲོད་ཚེ་དཀའ་བ་ཅི༎ འདི་ན་སྣ་ཚོགས་གྲུབ་མཐའི་འཇའ་རིས་ལ༎ བདེན་པར་རྟོགས་པའི་ལོག་ཤེས་བྱིས་པའི་བློ༎ ཀྱེ་ཧོ་མིག་གྱུའི་ཆུ་ལ་སྐོམ་པའི་བཅུད༎ གདུང་སེམས་རེ་བའི་འགྲོགས་འགྲོའི་རེ་དགས་དག༎ རྐང་བང་དགོས་མེད་ངལ་བ་འདི་ཀོ་ཞེས༎ ལས་སྣང་སྒྱུ་མའི་མིག་འཕྲུལ་ཨེ་མ་མཚར༎ ཐོས་པའི་བདུད་རྩི་བསིལ་མངར་ལྡན་པའི་རོ༎ བསམ་བྱུང་ལྕེ་ཡིས་མྱང་ཚེ་དེ་ལྟའི་ཚུལ༎ བསྒོམ་པ་ཡང་དག་དོན་ལས་གཞན་མིན་ཅེས༎ སྙིང་གི་རྟག་ལ་ལན་བརྒྱར་འཆར་བར་བྱོས༎ ཆོས་ཚུལ་གང་ལའང་སྡང་ཞེན་མ་མཆིས་པར༎ ཅི་སྟེ་ཤཱཀྱའི་བཀའ་ཉིད་ཚད་མར་གཟུང༎ རྒྱུད་སྡེའི་ངེས་གསང་གྲུབ་པའི་ཞལ་ལུང་ལ༎ དགེས་དགུར་སྤྱོད་ལ་ཡི་རང་སྤེལ་བར་གྱིས༎ ཚིག་འབྲུ་ཡིད་ཀྱི་གླེགས་བུར་བྲིས་པའི་ཚེ༎ ཡིག་ནག་དཔེ་ཚོགས་ཁལ་རྡོའི་ངོ་བོར་གོ༎ དོན་བཞིན་ནང་ལྟའི་བསམ་གཏན་ལ་དཔྱད་པས༎ ཚིག་གི་སྦུ་བ་སྲང་མཐའི་རྩ་བཞིན་ཤེས༎ བསྟན་པའི་རྩ་ལག་དམ་ཆོས་བདུད་རྩིའི་སྒོ༎ རྣམ་གྲངས་བྱེ་བས་ཡིད་དབང་