R144: རྗེ་བཙུན་ཀུན་དགའ་གྲོལ་མཆོག་གི་ཕྱི་ནང་གསང་གསུམ་གྱི་རྣམ་ཐར།

  • Pagination (Witness A): 212
[A:212]ཞིག་གནང་བ་དེར་ཉལ་ཞིང། སང་སྔ་བར་ཆོས་རྗེ་འབུམ་རམ་པའི་དྲུང་དང། པུ་རངས་ཆོས་མཛད་པ་ཅིག། གཞན་གྲྭ་པ་སློབ་གཉེར་བ་གསུམ་བཞི་ཞིག་ལ། ཙཱ་རི་ཟིལ་ཆེན་ཕུག་ཏུ་སློབ་དཔོན་པདྨས་རས་ཆེན་དཔལ་འབྱོར་བཟང་པོ་ལ་དངོས་སུ་གནང་བའི་ཚེ་དཔག་མེད་ལྷ་བཅུ་བདུན་མའི་ཚེ་དབང་དེ་བྱས་པས་ཚེ་མདའ་མཐོ་གང་ཙམ་ཚད་བྱུང་བས། ལྷག་པར་རྟོག་པ་ཟ་ཞིང་ཡིད་མི་བདེ་བའི་སྐབས་དེ་ཉིད་དུ། སྤྱང་ལུང་ནས་འདར་པ་རབ་འབྱམས་པ་དཔལ་བློ་བ་དང། སྤྱང་ལུང་པའི་གཞི་གྲྭ་ཆོས་ལྡན་དུ་གྲགས་པ་དེ་གཉིས་དཔལ་རིན་པོ་ཆེ་ཆོས་དབྱིངས་རུ་གཤེགས་པའི་ཚུལ་སྨྲ་བ་ལ་སླེབ་བྱུང་བས་དེ་མ་ཐག་དེར་འདུས་ཀུན་ལ་རྒྱལ་སྲས་གཞོན་ནུ་མའི་སྐུ་བསྟོད་པར་མ་སྐྱེ་ནས་ཐོས་མཆོད་བྱས་རྗེས་དེ་ཉིད་ཀ་སེང་གེ་རྩེར་རྫོང་དཔོན་ཆོས་འབོད་མི་བྱུང་པས་ཕྱིན། སེང་གེ་རྩེ་ན་བཞུགས་པའི་ཇོ་བོ་ཁར་ས་པ་ཎི་ཙན་དན་ལས་གྲུབ་པའི་དྲུང་དུ་དཀར་མེ་སྙན་དར་རྒྱ་ཆེར་ཕུལ་ནས་དཔལ་རིན་པོ་ཆེའི་དགོངས་པ་རྫོགས་པའི་བསྔོ་བ་སྨོན་ལམ་བགྱིས། དེར་ཚེ་དབང་ཞུ་མི་རྣམ་པ་ལ་ད་རེས་དཔལ་རིན་པོ་ཆེ་དགའ་ལྡན་དུ་གཤེགས་པའི་གཏམ་འདིས་ཚེ་མདའི་ལྷག་ཆད་འདི་ཐུབ་པ་འདྲ་སྨྲས་པ་ཡིན་ཀྱང། དེ་ནས་ཟླ་བ་མ་འགྱངས་པར་ཚེ་དབང་ཞུ་མིའི་ཆོས་རྗེ་འབུམ་པ་རང་མ་གཏོགས་པུ་ཧྲངས་ཆོས་མཛད་དང་གྲྭ་པ་སློབ་གཉེར་བ་དེ་ཀུན་འབྲུམ་པས་དུས་གཅིག་ལ་གུམ་སྣང་ངོ༎ དེ་ནས་ངེད་རང་གི་ཁལ་མ་བྱིན་དང་བླ་མ་རྩིབས་རི་བ་སོགས་ཚ་ཤོད་ནས་བྱང་ཞབས་དྲུང་དུ་བརྫངས་པས། ལག་ན་འབུལ་རྒྱུའི་དངོས་པོ་ཅི་ཡང་མི་འདུག་པས་སྤྱང་ལུང་གི་བང་ཆེན་པ་གཉིས་ཀྱང་ངེད་རང་དང་ལྷན་ཅིག་ཁྲིད་ནས་གཏིང་སྐྱེས་ཕྱོགས་ལ་ཕྱིན་པའི་ལམ་གྱི་མགྲོན་