[A:211]འབྲེལ་བའི་སྙིང་པོ་དོན་གསུམ་གྱི་མན་ངག་ཞུས་ཏེ་འབྲལ་བར་མི་སྤོབས་བཞིན་དུ། ཆོས་འཁོར་དཔལ་གྱི་ལྷ་ས་ལ་བརྒྱུད་ནས་ཡར་རྒྱབ་ཕྱོགས་སུ་དབྱར་རིང་བསྡད། དོན་གཉེར་བ་འགའ་དང་འགའ་ལ་དབང་བསྐུར་རྡོ་རྗེ་ཕྲེང་བ་བགྱིས་པའི་སྐབས་ཤིག་གི་རྨི་ལམ་དུ། དཔལ་རིན་པོ་ཆེ་སྤྱང་ལུང་པ་ཉིད། སྐུ་གཟི་འོད་མཆོག་ཏུ་བརྗིད་ཅིང་སྔར་མེད་པའི་སྤྱན་ར་ནག་པོ་གསར་པ་ཞིག་བཞེས་པ་དང་མཇལ་བས་ཞལ་འཛུམ་མཛད་ཅིང་ཁོ་བོ་རིང་པོར་མི་ཐོགས་པར་པཎ་ཆེན་དྲུང་དུ་འགྲོ་ཞེས་བཀའ་བསྩལ་པའི་ངང་ཉིད་ལ་གཉིད་སད་པས། བླ་མ་རྩིབས་རི་བ་སོགས་ལ་རང་རེའི་དཔལ་རིན་པོ་ཆེ་དེ་ཉིད་རིང་པོར་མི་ཐོགས་པར་ཞིང་བརྗེ་བར་སྣང། ངེད་ལ་རྨི་ལམ་གྱི་འཆར་སྒོ་འདི་ཏར་བྱུང་ཞེས་སྨྲས་ལ། སླར་བདག་ཅག་རྣམས་གཙང་ཕྱོགས་ལ་ཡོང་བའི་ངུར་མིག་ཏུ་རྗེ་བཙུན་མ་སྒྲོལ་མ་དང་མཇལ་བའི་ཐོ་རངས་ཡང་སྔར་བཞིན་སྐུའི་རྣམ་པ་དེ་རང་ལ་ཁྱད་པར་ཕྱོགས་ཤིག་ཏུ་ཐེབས་པའི་རྣམ་པས་ཡིད་སློང་སློང་བའི་ངང་ལ་གཉིད་བསད་པས། བསམས་དུས་དེ་རིང་གི་ཚེས་བཅུ་འདི་ལ་བླ་མ་དམ་པ་དེ་ཞིང་བསྐྱོད་པ་མིན་ན་རུང་སྙམ་པའི་སེམས་ལ་ཟུག་ངུ་ཆེ་ཆེ་ཡང་བྱུང་ཡང་གཞན་ལ་སྨྲས་པ་ནི་མེད།
དེ་ནས་རིམ་གྱིས་ཚོང་འདུས་སུ་བགྲོད་སྐབས་རྣམ་ཐར་གྱི་ཟུར་འདེབས་མཛེས་རྒྱན་དེ་ཡང་བྲིས།
དེ་ནས་ཀྱང་སྣར་ཐང་ལ་བསྒྱུར་ཆུ་མིག་གི་རྗེ་བཙུན་གཉན་སྒྲོལ་བྱིན་རླབས་ཅན་དེ་དང་ཡང་མཇལ་ནས་སྒྲོལ་མ་བརྒྱ་ཙམ་སྐུ་མདུན་དུ་བཏོན། མཎྜལ་བཞི་བའི་གསོལ་འདེབས་བྱས་ནས། སྟག་ལ་ལ་བགྱིས་ཚ་ཤོད་ཀྱི་ལ་ནས་ཆོས་རྗེ་འབུམ་རམ་པའི་འབོད་མི་གནང་བྱུང་བས། སེང་གེ་རྩེ་དང་ཉེ་བའི་བྱེ་ལུང་ཟེར་བའི་དགོན་ཆུང་དཔེའུ་ཅན་