R144: རྗེ་བཙུན་ཀུན་དགའ་གྲོལ་མཆོག་གི་ཕྱི་ནང་གསང་གསུམ་གྱི་རྣམ་ཐར།

  • Pagination (Witness A): 214
[A:214]མཁའ་སྤྱོད་བདེ་ལྡན་དུ་ཞག་འགའ་ངལ་གསོས་རྗེས། དབུས་ཀྱི་ཆུ་ངན་པས་ལུས་ལ་ཟ་བུན་ཆེར་འདུག་པའི་ནད་འདོན་ལ་རྒྱུ་ཚེའི་ཆུ་ཚན་ལ་ཕྱིན། དེར་ཞག་བདུན་ཙམ་གོང་ནས་རིན་པོ་ཆེས་ཀྱང་བདག་དང་ལྷན་ཅིག་ཆབ་ཚན་མཛད། བཅུ་བདུན་མཆོད་པ་ཅིག་གི་དུས་འགྲིག་པས་ག་བུར་གྱི་དཀར་མོ་བརྒྱ་སྐོང་འབུལ་བ་གནང། དེ་ནས་སླར་མཁའ་སྤྱོད་བདེ་ལྡན་དུ་འོངས་ནས་བླ་མ་རྩིབས་རི་བ་སོགས་ལ་ལམ་འབྲས་ཞིག་གི་དབུ་བཙུགས་ནས་དགོངས་ཕྱོགས་ཆོས་ཐུན་རེ་བཤད། སྔ་གོང་དབོན་པོ་ཚེ་བརྟན་པ་ལ་རི་ཆོས་ཀྱི་ལུང་ཅིག་འགྲོ་བྱས་ཤིང། ལྷག་པར་ཆོས་སྐྱོང་གི་བསྐང་གསོ་བརྒྱ་ཚར་ཟབ་རྒྱས་རང་ཞིག་གི་དབུ་བཙུགས་ནས་ནང་མཚམས་དམ་པར་བྱས་ནས་ཟླ་ཕྱེད་ཙམ་སོངས་བའི་སྐབས། ནུབ་གཅིག་གི་རྨི་ལམ་ལ་དཀར་མེའི་སྐོང་བུ་ཆུང་ངེ་བ་ཤིན་དུ་གསལ་དངས་ཅན་ཞིག་འདུག་པ་གློ་བུར་དུ་རླུང་གིས་བསད་སོང་པ་དང༎ ཆུས་གང་བའི་ཤེལ་བུམ་དཀར་པོ་ཞིག་མི་ཞིག་གི་ལག་ནས་ཤོར་ནས་ས་ཕྱེར་སོང་བ་རྨི་བས་སྦྱིན་པའི་བདག་པོ་ལ་སྐུ་དོག་ཆེ་བ་ཡིན་ནམ་སྙམ་པ་བྱུང་ནས་ཚུལ་འབུལ་བ་ལ་དགེ་སློང་ཆོས་དཔལ་བཏང་བས་དེའི་དགོངས་ཁ་ལྷ་ས་རྫོང་ནས་ཞབས་དྲུང་ཚོར་ཞུ་ཡིག་ཞིབ་རྒྱས་དང། ངེད་ལ་ཡང་སྡེ་པ་ཕྱོགས་ལས་རྣམ་རྒྱལ་བ་གཤེགས་ཚུལ་རྒྱ་དྲིལ་ཅིག་གི་ཐུགས་དམ་འདོགས་རྣམས་བྱུང་བས། བཀའ་ཞལ་ལ་མདངས་ཀྱི་མནལ་ལམ་དེ་འདི་ལ་ལྟ་བ་འདྲ་གསུང་བ་བྱུང། དེ་མཐུན་གསེར་མདོག་ཅན་ནས་ཨོ་ངའི་དྲུང་གི་ཕྱག་རྟགས་དང་ལྷན་ཅིག་སྤྲུལ་སྐུ་ཞྭ་དམར་པའི་བསྙེན་རྫོགས་སྒྲུབ་པའི་མཁན་པོ་ལ་ཡོང་དགོས་པའི་ནན་བསྐྱེད། དབོན་ས་གོང་མ་ཆེན་པོས་ཆེད་གཉེར་གནང་ནས་སྤྲུལ་སྐུ་རིན་