[A:215]པོ་ཆེ་དང་གཉིས་ཀའི་བཀའི་ཤོག་ཡར་རྒྱབ་དུ་དབོན་ས་ཆེན་མོ་ལ། གནང་བ་བཞིན་ཆེད་གཉེར་གྱི་དོ་དམ་ཁུར་བཞེས་མཛད་ནས་ཕྱག་དམ་མཐའ་ཕུགས་བསེད་པའི་ཞིབ་འཁོད་དང་བཅས་ཕེབས་བྱུང་མཚམས་བསམ་དུས། ཁ་སང་གི་རྨི་ལྟས་དཀར་མེ་མནལ་བ་ཤེལ་བུམ་ཆག་པ་སོགས་འདི་ལ་བལྟ་བར་སྣང་བས། ད་རེས་ཕྱིན་ཀྱང་ཕན་ཐོགས་གཏན་མི་ཡོང་ངེས་སྙམ། ཆོས་རྒྱལ་ཆེན་པོའི་དྲུང་དུ་ཡང་མར་མི་འགྲོ་བའི་རྒྱུ་མཚན་ཕུལ་བས། ས་སྐྱ་གདུང་བརྒྱུད་བསོད་ནམས་རྒྱལ་མཚན་པས་བསྙེན་རྫོགས་མ་འགྲུབ་པ་ལ་བརྟེན་ཁམས་ཕྱོགས་སུ་བསྟན་པའི་རྒྱུན་ལ་གནོད་པའི་ཕྲིན་ལས་ཁྱབ་ཆུང་རང་བྱུང་འདུག་པ་བཞིན་ད་རེས་སྤྲུལ་སྐུ་ཞྭ་དམར་བ་ཡུལ་གཉན་པ་དང། ཆེ་ས་གོང་མའི་ཡང་བཀའ་ལུང་ངེས་གསལ་ཡར་རྒྱབ་དུ་གནང་བ་ཡིན་ཕྱིན་མ་ཕེབས་ན་གཏན་མི་ལེགས་ཤིང། ཡར་རྒྱབ་པ་སོགས་ལ་གོང་མ་ཆེན་པོའི་དགོངས་འཁྲུངས་སོགས་ཀྱི་རྒྱུར་སོང་དགོས་ཡོད་གསུང་པ་སེམས་ལ་བཞག་ནས་ལམ་འབྲས་ཀྱི་སྣང་གསུམ་ལ་ཆོས་མཚམས་བྱས་ནས། བླ་མ་བརྩིབས་རི་བས་གཙོ་བྱས་གྲྭ་པ་བྱིན་བཞག། ནང་གཏོར་དང་རྒྱ་བསྒོམ་གྱི་གདུང་གི་ཆེད་གཉེར་དགེ་སློང་ཆོས་དཔལ་བ་བཀོས་ནས། དཔོན་སློབ་ཉུང་བསྡུས་རང་གིས་དགུན་གྱི་རེག་བྱ་ལ་གདོས་ནས་ཤར་ཕྱོགས་ལ་ཕྱིན། མར་ལམ་ཨོ་ངའི་དྲུང་འབྲུམ་པ་ལ་འཛེམ་སྟབས་ཆུ་བར་ཆོས་རྫོང་ན་བཞུགས་ཡོད་པ་ལ་མཇལ་རྩིས་རང་གི་མདུན་པས་ཕྱིན་ནས་ཆུ་བར་གྱི་མདར་སླེབ་ནུབ་རྨི་ལམ་ལ་སྔར་གྱི་དཀར་མེ་ཇི་ལྟ་བ་གཅིག་འདུག་པ་ཨ་ཙཱ་ར་བཞིན་ཁྲོས་པས་ཕུས་མནལ་བ་རྨི་བས། དེའི་ལྟས་ཨོ་ངའི་དྲུང་ལ་སྐུ་ཚེ་རིང་པོ་མི་ཡོང་བར་གོ་བ་སྐྱེས་ནས། འབྲུམ་བག་མ་སྙད་མཇལ་