[A:217]མཇལ་ན་སྐུ་ཆས་འདི་པ་འབུལ་བ་ལ་ང་རང་འགྲོ་ཟེར་ཀྱིན་འདུག་པ་ལ། ང་ནི་མི་འགྲོ་སྐུ་ཆས་ཀྱང་སང་ནང་པར་འབྲུམ་བག་སོགས་བྱུང་ན་བརྗོད་པ་ཆེ་བྱས་རྟ་བཀྲབ་ཡོངས་པས། ཁོང་རྣམ་པ་ཡང་བློས་མི་ལོང་བཞིན་དུ་རྗེས་ལ་བྱུང་ནས་སྲོད་ཁྱེར་ཙམ་ལ་ཆུ་བར་གྱི་གནས་ཚང་བདག་ཆེན་རིན་ཆེན་རྒྱལ་མཚན་པའི་ཡུལ་དང་ལྷན་ཅིག་བྱུང་ཞིང། ཨོ་ང་ཡང་དེའི་སང་མན་འབྲུམ་པ་བསྙུང་བ་ཡིན་སྣང།
དེ་ནས་ཡང་ཡར་རྒྱབ་ནས་གཏིང་བསྐུལ་དོས་དྲག་བྱུང་བས་མི་འདོད་བཞིན་དུ་ཆས། མར་ལམ་སྤྲུལ་སྐུ་སྨན་ཐང་པའི་སྲས་པོ་སྨན་ཚེ་བ་གཤེགས་འདུག་པའི་ཐུགས་བསོ་ལ་མཇལ་ཙམ་བྱས། བལ་པོ་རྣམས་གསེར་མདོག་ཅན་ན་ཡོད་པ་ལ་མཁའ་འགྲོ་རྒྱ་མཚོའི་སྐུ་བཟོ་བ་ལ་ཡོང་དགོས་པའི་བཀའ་ལུང་བསྒྱུར་བྱང་དང། དཔོན་མོ་ཆེ་ལ་ཞོན་རྟ་གཅིག་གནང་ཡོད་པའི་རྩིས་སྤྲད། ཆོས་རྗེ་འཇམ་དབྱངས་པ་པཎ་ཆེན་གྱི་ཁྲི་ཁ་ལ་བཞུགས་པ་ལ་དད་མོས་སྐྱེས། མཇལ་ཙམ་བྱས་ནས་ལམ་བསྲངས་ནས་རོང་ཆེན་ལ་ཕྱིན། ངུར་མིག་ཏུ་སྒྲོལ་མའི་དྲུང་དུ་གསོལ་བཏབ་བྱས་པའི་རྨི་ལམ་ལ། སྔར་གྱི་ཤེལ་བུམ་དེ་སླར་ཡང་ངེད་རང་གི་ལག་ནས་མ་ཟིན་པར་བརྡབས་སོང་བ་རྨི་བས་བསྙེན་རྫོགས་དེ་གོ་ཆོད་གཏན་མི་ཡོང་བར་འདུག་པས་ཐག་སྦད་བཅད་པའི་ཡིག་ལན་བསྐུར་ནས་ནུབ་ཆོས་ལུང་དུ་མཁན་ཆེན་རིན་པོ་ཆེས་གཙོས་མཛད་ལ་རྡོ་རྗེ་ཕྲེང་བའི་དབང་གི་དབུ་བཙུགས་ཤིང། མཁན་ཆེན་དྲུང་གི་ཞབས་ཕྱིར་དབོན་ཆེན་པ་དང། དྲུང་རབ་འབྱམས་པ་བཀྲ་ཤིས་པ་ལ་ནི་གུའི་ཁྲིད་ཅིག་ཀྱང་བཙུགས། དེ་དུས་མཁན་ཆེན་རིན་པོ་ཆེ་སྤྱན་རབ་རིབ་ཀྱི་རྣམ་པ་ཆེར་སྔོན་པར་འདུག་པ་ལ་དག་བྱེད་སྟོང་རའི་སྐབས་སྐུ་ཁྲུས་ཁ་དོག་སྣ་ལྔའི་རྣམ་པར་ཡང་ཡང་འཁྲུས་