[A:219]སླེབ་བྱུང་བའི་ཁོང་ནང་པར་ཡོང་བའི་དོ་ནུབ་རྨི་ལམ་དུ་མི་ནག་རྟ་ནག་པོ་ཞོན་པ་ཞིག་གིས། བདག་ལ་ལག་ཏུ་ཐག་པ་ནག་པོ་ཕྲ་སིང་བ་གཅིག་གཏད་ནས་འདིས་དབུ་དཀྲིས་ཟེར་བ་བཞིན་དཀྲིས་ལན་གསུམ་བྱས་པའི་རྗེས་ལ་ཐག་པའི་ལྷག་མ་ཨེན་ཙམ་བྱུང་བ་དེ་ཤངས་སུ་ཆུག་ཟེར་ནས་རྣ་བུག་གཡོན་དུ་བཅུག་པས། དེར་སྦྲུལ་ནག་ཁྲ་གཅིག་ཏུ་བྱས་སྣ་ནས་ཡར་ཁྱུར་གྱིས་ཞུགས་བྱུང་པས་འཇིགས་སྙམ་ནས་གཤེད་བསྐྱེད་ཐེན་པས་སྦྲུལ་དེའི་མགོ་ཆད་སྣར་ལུས། གཞན་ལག་ཏུ་སླེབ་བྱུང་བའི་དངངས་སྐྲག་གིས་གཉིད་སད་བྱུང་བས། དེ་མ་ཐག་གཤེད་བསྐྱེད་ནས་ལག་པས་སྣ་གཡས་བཀག་ནས་བུས་པ་ལན་གསུམ་བཞི་གཅིག་ལ་སྣ་ནས་དངོས་སུ་སྲོད་སྲོད་མཐེབ་ཆུང་གི་རྩེ་ཙམ་ཅིག་ཐོན་བྱུང་བ་དཀར་མེ་མི་འདུག་པས་ཇི་ལྟར་ཡོད་ནི་མ་མཐོང། སྤོས་མེའི་ཐལ་བ་ལ་ཀྱུངས། དེའི་ནང་པར་ཁོང་སླེབ་བྱུང་བས་ཚོང་འདུས་ལྷ་རྗེ་ཤེས་རབ་ལ་བསྟན་དུས་མཛེ་ཡིན་ཐག་ཆོད་ཟེར་བ་འདུག་པས་ཞག་བདུན་སྦྲེལ་ལམ་ཟན་རེ་རེ་དང། བིར་བསྲུངས་ཀྱི་སྔགས་རང་གི་འཆིལ་མ་བཏབ་པས་ཞག་བདུན་པོ་རང་ལ་སྨེན་རྗེས་ཙམ་མེད་པར་སངས་དྲག་ནས་ཡ་མཚན་པར་འདུག་གོ༎
དེ་དུས་བདག་པ་དཔོན་སློབ་མ་ལུས་པ་ཚོང་འདུས་ཁྲི་ཁང་རང་དུ་གཞི་ཕབ་ནས། དུས་ཀྱི་ཚེ་དབང་བརྒྱ་རྩ་དང། གྲུབ་ཆེན་བརྒྱད་ཅུའི་དྲིས་མལ་སོགས་དང། ཀུན་དགའ་དཔལ་བཟང་པོས། སྡེ་པ་མ་ཆེན་དྲུང་དུ་ཀཱནྡྷི་རའི་སྒྲ་ལས་དྲངས་པའི་གྲུབ་ཐོབ་བརྒྱད་ཅུའི་བསྟོད་པའི་གཱི་ཏ་ཡང་ཉིན་རེ་མ་ཆག་པའི་བསླབ་སྦྱངས་ཕུལ། བདག་གིས་སྡེ་པ་གྲྭ་ལྔ་དྲུང་ལ་བཅོམ་ལྡན་འདས་མ་ཀུ་རུ་ཀུལླེའི་གསང་ཁྲིད་རྗེས་གནང་ཕྱག་བཞེས་ཁྲིགས་བཀོད་མཐོང་བརྒྱུད་ལྟར་ཕུལ་ཞིང་བརྗེད་