R144: རྗེ་བཙུན་ཀུན་དགའ་གྲོལ་མཆོག་གི་ཕྱི་ནང་གསང་གསུམ་གྱི་རྣམ་ཐར།

  • Pagination (Witness A): 221
[A:221]ལུང་བྱུང་ནས་བློས་ལོངས་པར་ཕུལ། ད་ལྟ་བྱམས་པ་གླིང་གི་ནམ་མཁའ་མཛོད་ཀྱི་གཟིམས་ཁང་གི་མཆོད་ཡུལ་གྱི་རྟེན་གྲལ་ལ་བཞུགས་ཤིང། ན་བཟའ་དར་ཟབ་ཀྱིས་གཡོགས་པ་མིག་ཡུལ་དུ་ཕེབས་པས་རྗེ་བཀའ་དྲིན་ཅན་པའི་བཀའ་དྲིན་ཆ་ཙམ་འདིས་ཀྱང་འཁོར་སྙམ་པའི་བློ་བདེ་ཡང་བྱུང་ངོ༎ དེ་ནས་སྣར་ཐང་ལ་བྱས་སྟག་ལ་བརྒྱུད་ནས་འཛད་ལྷ་དབང་རྩེའི་རྫོང་རྩེར་ཞག་གཅིག་ངལ་གསོ་བགྱིས་པའི་དུས། ཞི་བ་ལྷ་དང་གཉིས་རྫོང་གི་འཕྱོང་རྩེའི་གཡབས་དེར་ལོང་གཏམ་བགྱིས་པས། ཁོས་བྲག་དཀར་སེམས་དཔའ་ཆེན་པོའི་ཞལ་འཕྲོས་མང་པོ་སྨྲ་ཡིན་སྣང་བས་བརྗེད་གསོས་ནས་གཏིང་སྐྱེས་དབོན་ཆེན་པའི་གནས་ཚུལ་དྲན་པས་ཡིད་འབྱུང་ནས་ཁོང་ལ་བསྟོད་པའི་ཟོལ་དུ་བསྒྲིགས་པའི་སྨྲེ་སྔགས་ཡང་རང་གི་ལག་པས་ཡི་གེར་བྲིས་ནས་དཔེ་ཆའི་ཟླ་ལ་འབྲལ་མེད་བྱས་པས། དེ་མཐོང་རེས་སྙིང་ལ་གཟེར་བའི་སྐྱོ་ཤས་ཐག་ཆོད་ཡང་ཡང་བྱུང་ནས་རང་གི་བློའི་བསྐུལ་འདེབས་སུ་འགྲོ་བ་བྱུང། ཆོས་མཛད་སྨིན་གྲོལ་རྒྱལ་མཚན་པས་ཀྱང་ཞལ་ཤུས་སོང། ཁོང་གི་གོ་བ་ལ་ནི་ངས་ཀུན་རེ་བསྒྲིགས་པར་འདུག་སྙམ་པ་འདུག། ངེད་ནི་ཞེ་ནས་རང་དམ་པའི་མགོན་གྱིས་མ་ཟིན་པའི་ལས་ཆད། རང་གཞན་དམྱལ་བའི་མེ་དོང་དུ་བསྲེག་པའི་བསམ་སྦྱོར་འདི་ལྟ་བུ་སྐྱེ་བ་འདི་དང་ཚེ་རབས་གཞན་དུ་ཡང་མི་འབྱུང་བར་བྱའོ་ཞེས་པའི་ཡིད་ཀྱི་གཟེར་བུ་ཡིན། ཕྱིས་ནི་ཁོང་གཤེགས་ཟེར་ཐོས་པའི་ཐོས་མཆོད་ལ་འོད་ཞུ་བགྱིས། དེ་ནས་བྲག་སྣ་ལ་འགྲིམ་ནས་ལོ་ཆེན་དྲུང་དུ་མཇལ་ཏེ་ངམ་རིངས་སུ་སླེབ་ཀྱང། སྐུ་ངོ་རྣམས་ཀྱིས་སྐུ་འབྲུམ་མ་བཞེས་པས་བག་སེང་ལ་རིན་ཆེན་གླིང་དུ་ཕྱིན། འདི་ལ་རྨི་ལྟས་ཨེན་ཙམ་གྱི་འཆར་སྒོ་སྔར་བྱུང་ཞིང།