R144: རྗེ་བཙུན་ཀུན་དགའ་གྲོལ་མཆོག་གི་ཕྱི་ནང་གསང་གསུམ་གྱི་རྣམ་ཐར།

  • Pagination (Witness A): 224
[A:224]ཤར་ཕྱོགས་ནས་ཆོས་རྒྱལ་ཆེན་པོའི་དྲུང་ཕེབས་ཉིན་རང་མཁའ་སྤྱོད་བདེ་ལྡན་དུ་སྤོས་ནས་གཟའ་སྐར་བཟང་བ་ལ་ཆོས་ཀྱི་རྒྱལ་པོ་ཆེན་པོ་སྐུ་རྐྱང་རང་ལ་རྡོ་རྗེ་ཕྲེང་བའི་དབང་ཕུལ་བའི་སྐབས། ཉིན་རེ་བཞིན་དུ་དཀྱིལ་འཁོར་གང་ཡིན་ལ་ཕྱི་རོལ་མཆོད་པ་དང་འབྲེལ་བར་སྦྱིན་སྲེག་རེ་ནས་མ་ཆད་པ་འབུལ་བ་སོགས། མཆོད་བཤོམས་དབང་རྫས་ཆོ་ག་དབང་བཤད་འདི་ལས་རྒྱས་པ་ནམ་དུ་ཡང་བྱེད་མ་མྱོང། དེ་དུས་ཆོས་རྒྱལ་ཆེན་པོའི་དྲུང་གི་ཕྱག་གི་དཀྱིལ་ཐང་རྣམས་ནས་སྨོན་ལམ་གནང་དང་གཅིག་བཞེས་པ་ཁ་ཕྱེ་བས་བདེ་མཆོག་དྲུག་ཅུ་རྩ་གཉིས་མ་གཙོ་བོ་ཞལ་བཞི་ཕྱག་བཅུ་གཉིས་པ་དེར་སྣང་བས། འདི་ཅི་ལགས་བཀའ་ཕེབས་ལ། སློབ་དཔོན་ཨ་བྷ་ཡའི་ལྷག་པའི་ལྷ་དེར་རང་ཡིན་ཞུས་པས་དགྱེས་པའི་ཚུལ་སྣང་བ་མཛད་ཅིང། དེ་ནས་འཇམ་རྡོར་ནས་རིམ་བཞིན་ཕུལ་བས་དཀྱིལ་འཁོར་འདིའི་དབང་འབུལ་བའི་ཉིན་ཚེས་བཅོ་ལྔ་ལ་གཟའ་འཛིན་དང། བདག་ལ་ཡང་རྡོ་རྗེ་རྣལ་འབྱོར་མས་རྗེས་སུ་འཛིན་པའི་རྟེན་འབྲེལ་ཆེན་པོའི་བལྟས་དགེ་བའི་དབུ་ཚུགས་བྱུང་ངོ༎ དེ་ནས་རིམ་བཞིན་ཕག་མོ་དམར་མོ་སོ་བདུན་མའི་དབང་གི་ཉིན་སྐྱར་སྐྱ་ནས་ཡུམ་གྱི་སྐུ་གདུང་གི་ཆ་ཤས་རྣམས་སྤྱན་དྲངས་ནས་ལག་ཏུ་བྱུང། དུས་ཀྱི་འཁོར་ལོའི་དབང་གི་ཉིན་རྒྱ་སྒོམ་གྱི་སྐུའི་ལས་ཀའི་གཞི་གྲུབ་ནས་སླར་སྐུ་གདུང་རིང་བསྲེལ་གྱི་བཞུགས་གནས་བུམ་སྐུ་ཟ་མ་ཏོག་གསེར་ལྗང་བརྡུངས་རང་གི་ལས་ཀའི་ཁས་བཀོད་དང་དེའི་དབྱིབས་ཆགས་རྣམས་བདག་རང་དང། བལ་པོ་དཔོན་མོ་ཆེ་ལ་ཡིད་ལ་རང་ཤར་བྱུང་ནས་ཕྱི་ལ་བཀྲ་ཤིས་རྟགས་བརྒྱད་དང་རྫས་བརྒྱད། ཏོག་ལ་རྒྱ་སྒོམ་མཚན་བསྒྱུར་ལཉྫ་བཞི། མཚོ་ལས་པད་གདོང་ཐོན་པ་སོགས་