[A:226]རྗེ་གདན་ས་པ་ལ་ཡང་རྗེས་གནང་ཟུར་བཀའ་མང་པོའི་ཐུགས་བཞེད་བསྐངས། དེ་དུས་དཔྱིལ་པོའི་ཐོག་རྡོ་གཡམ་དང་རྡོ་གདུང་འབའ་ཞིག་གིས་སྐོར་བ་ཞིག་ཏུ་བསྡད་པས། ཚོགས་ཆོས་གྲོལ་མ་ཐག་ཐོག་ཡོད་རྡིབ་ནས་དཔྱིལ་པོའི་ཁྱོན་ལ་ལྟས་དུས་ནི། ཐོག་མེད་ཀྱི་ནམ་མཁའ་སྔོ་བསངས་ཀྱིས་མཐོང་བ་བྱུང། ངེད་ནང་ན་ཡོད་པའི་མི་སྨོས་མི་དགོས་དངོས་པོ་རྡོ་རྗེ་དྲིལ་བུ། དཀར་ཡོལ། ཌཱ་མ་རུ་སོགས་ཀུན་རྡོའི་འོག་ཏུ་མནན་ཀྱང་ཉེས་སྐྱོན་སྤུ་རིས་ཙམ་ཡང་མ་བྱུང་ཞིང། རང་ཉིད་ཀྱི་བློའི་འཆར་སྒོར་ནི་ཐོག་རྡིབ་པའི་སྐད་ཅིག་དེ་ལས་བཅོམ་ལྡན་འདས་རྡོ་རྗེ་འཇིགས་བྱེད་རབ་ཏུ་བརྗིད་པའི་རྭ་སྔོ་སངས་རྣམ་པར་གདེངས་པས་རྡོའི་ཚོགས་ཆར་ལྟར་འབབ་པ་དེ་རྣམས་རྭ་རྩེས་ཕྱོགས་ཀུན་ཏུ་གཏོར་བའི་ཉམས་ལྷག་པར་གསལ་བའི་ཏིང་ངེ་འཛིན་ལྷུག་པར་བྱུང་ཞིང། ཆོས་རྗེ་ལས་ཆེན་པས་སྟེང་ནས་གཟིགས་དུས་ཐོག་ཆེམ་རྡིབ་པའི་སྐད་ཅིག་དེ་རང་ལ་རྡོ་ཐམས་ཅད་ནང་ནས་ཕྱིར་བུན་བུན་མཐོར་བྱུང་གསུང་ཞིང། རྡོ་གཡེབས་མི་བསྐྱོད་པ་མང་པོའི་དཔྱིལ་པོའི་ཕྱོགས་ཀྱི་ཕྱི་མཐའ་ཀུན་ན་འདུག་པ་ཡོངས་ཀྱི་མིག་ཤེས་ལ་ཕེབས་པ་ངེས་ཅན་བརྫུན་བྲལ་ཡིན། དེ་མཚམས་གཡས་རུ་བྱང་ནས་དཔལ་ནང་སོ་གནང་ནས་ཐེག་ཆེན་ཆོས་ཀྱི་རྒྱལ་པོའི་བུ་ཞྭ་ཉིན་བདེ་མ་སོགས་གནང་སྦྱིན་བསམ་གྱིས་མི་ཁྱབ་པ་དང། རྒྱ་གར་གྱི་གྲུབ་ཆེན་ལ་ཝའི་ན་བཟའ་ཅན་ལྟར་རྡོ་གདུགས་པའི་ངོ་མཚར་བླ་མ་གོང་མའི་སྒྲུབ་གནས་ཁྱད་པར་ཅན་དེར་གྲུབ་པ་ཡི་རྟགས་མཚན་ཁྱད་པར་ཅན་བཀའ་དྲིན་ཆེ་བ་ཡིན་གསུང་བའི་ཕྱག་དམ་ཕེབས་ཤིང། དེ་མཐུན་དུས་ཚོད་དེ་ཙམ་རང་ལ་མྱང་སྟོད་ཀྱི་གནས་རྙིང་བླ་བྲང་གི་སྒོར་ཉི་མ་གཤེགས་ཙམ་ལ་ཨ་ཙ་ར་བཞིན་དང་ཆས་གོས་