R144: རྗེ་བཙུན་ཀུན་དགའ་གྲོལ་མཆོག་གི་ཕྱི་ནང་གསང་གསུམ་གྱི་རྣམ་ཐར།

  • Pagination (Witness A): 230
[A:230]འགྲོ་རྒྱ་མཚོའི་བདག་བསྐྱེད་རྒྱས་པ་རེ་སྔ་ཐུན་ལ་བགྱིས། དེ་མན་ཐུན་གསུམ་ལ་གྲུབ་ཆེན་ལ་ཝ་པས་བཤད་པ་ལྟར་དཀྱིལ་འཁོར་དབུས་སུ་གཙོ་བོ་མངོན་སྦྱང་ལྔས་བསྐྱེད་དུ་བྱས་ནས་གཙོ་བོ་རྐང་པ་བཞི་བཅུ་ཞེ་བརྒྱད་པ་བཟླས་ཞིང། མཁའ་འགྲོ་རྒྱ་མཚོའི་རྒྱུད་ཉིད་ལས་གསུངས་པའ་འབྱུང་པོ་ཐམས་ཅད་པའི་གཏོར་མ་ཉིན་རེ་བཞིན་མ་ཆད་པ་དང་བཅས་འབད་རྩོལ་ཆེས་ཆེ་བར་བགྱིས། དེ་ནས་བླུགས་གཏོང་ཐེབས་བཅུ་གསུམ་ལ་གཅིག་ལ་ཨེན་ཙམ་སྐྱར་དགོས་མ་གཏོགས་སྤུ་ཙམ་གྱི་བྲད་ཕྱིས་བསོབ་ལ་སོགས་པ་དགོས་པ་མ་བྱུང་ཞིང། སྔར་སྤྲ་བཟོའི་དུས་ཞལ་བཅུ་བདུན་པོ་མཐའ་དག་དྲང་སྲོང་ཁྲོས་པའི་རྣམ་པ་ཤིན་ཏུ་སྐེམས་པ་རང་ཡོད་ལ། བླུགས་བགྱིས་སྐབས་ཞལ་ཐམས་ཅད་ལྷག་པར་རྒྱས་པ་གནོད་སྦྱིན་ཁྲོས་པ་ལྟར་གྱུར་སྣང་བས། བལ་པོ་རྣམས་ད་བྲད་ཕྱིས་མང་པོ་རང་དགོས་པར་འདུག་འདི་འདྲ་ཅི་ཡིན་ཅེས་གླེང་བ་ལ་འདི་དང་རང་གི་བཟོས་པ་མིན་ཅིང་ཁོང་རང་རང་བྱུང་དུ་སྐུ་བརྗིད་ཉམས་བྱུང་ཕྱིན་སུས་འབྲད་ནུས་ཡིན་པས་བྲད་ནས་བསྲབ་ཏུ་བཏང་མི་དགོས། སྦྱིན་པའི་བདག་པོའི་སྐུ་བསོད་དང་མངའ་ཐང་འཕེལ་བའི་རྟེན་འབྲེལ་ཡོད་པ་ཡིན་ཞེས་སྨྲས་པ་ལྟར་མངོན་སུམ་དུ་བྱུང་བས་རྟེན་ཞལ་དྲོ་ཞིང་བྱིན་རླབས་ཆེ་བའི་ཚད་དུ་བྱུང། དེ་དུས་དབུས་ནས་ཚོགས་པ་དགེ་འདུན་སྒངས་པ་རྣམས་ཕེབས་ནས་གཡར་གནས་འཇད་མཐོང་སྨོན་དུ་གནང། དེ་ནས་རིམ་གྱི་ས་རིམ་བཞིན་བསྙེན་བསྐུར་མཛད་རྗེས་ལྷུན་གྲུབ་གདིངས་སུ་བཞུགས་པའི་སྐབས་དགུན་སྟོད་ཆོས་སྡིངས་དགོན་སར་དུ་བདག་མོ་རྗེ་བཙུན་དྲུང་གི་སྐུ་ཚེས་མ་ཟིན་མཚམས་དེའི་ཐུགས་དམ་འབུལ་གྱིས་རྣལ་འབྱོར་མའི་སྒྲུབ་མཆོད་ཅིག་གི་ཆོ་ག་ཞག་འགའ་སྦྲེལ་བྱས་