R144: རྗེ་བཙུན་ཀུན་དགའ་གྲོལ་མཆོག་གི་ཕྱི་ནང་གསང་གསུམ་གྱི་རྣམ་ཐར།

  • Pagination (Witness A): 234
[A:234]བརྟེན་བྱའི་དཀྱིལ་འཁོར་བདེ་མཆོག་ནག་པོ་པ་ལ་བརྟེན་པ་ཞིག་ལེགས་སམ་གསུང་བའི་བཀའ་ལུང་བྱུང་ཡང་ད་ལེན་གང་ལ་རབ་ཏུ་གནས་པའི་ལྷ་ཡིན་ཕྱིན་བཅོམ་ལྡན་འདས་དཔལ་མཁའ་འགྲོ་རྒྱ་མཚོ་རང་ལ་བརྟེན་ཅིང། དེའི་བདག་མདུན་གཉིས་འབྲེལ་ནི་དཀྱིལ་འཁོར་ཆོས་པ་ནས་རབ་གནས་དངོས་གཞིའི་མེ་ཏོག་འབུལ་བ་ལ་གཟའ་སྐར་དུས་སྦྱོར་སོགས་མི་འགྲིག་པ་དང། བརྟན་བཞུགས་ཡང་ཉི་ཕྱེད་ནས་བྱེད་དགོས་པ་སྣང་བས། བདག་བསྐྱེད་ཉིད་ལ་བརྟེན་ཞིང་ནུབ་དང་པོ་སྟ་གོན་གྱི་རྟེན་ཁབ་ཡན་སོང་རྗེས། གཉིད་ཞྭ་དབེན་ཙམ་ཕུད་ནས་ཐོ་རངས་ནམ་གྱི་བརྒྱད་ཆ་ནས་ཆོ་གའི་དབུ་བཙུགས་པས་ཚ་རྟིང་མ་ཙམ་ལ་བདག་བསྐྱེད་བཟླས་པ་ཡན་བསྒྲུབས། དེ་རྗེས་བགེགས་བསྐྲོད་ཁྲུས་གསོལ་རྟེན་བསྐྱེད་ཡེ་ཤེས་པ་སྤྱན་འདྲེན་སོགས་གུས་མ་ཕྱེད་པ་མ་སོང་མཚམས། རབ་གནས་སྙིང་པོ་བརྟན་བཞུགས་སྐབས་རྒྱ་བལ་གྱི་པཎྜི་ཏ་ཨ་ཙཱརྱ་ཛེ་ཀུན་གྱི་ཕྱག་བཞེས་ལྟར་བཟོ་བོས་ལག་པས་ཐོ་ཆུང་གཟུང་ནས་ལྷའི་སྐུ་ལ་འཇུས་རྗེས་མཆོད་དགོས་པས་གཟུངས་ཐག་གི་སྣེའི་རྡོ་རྗེ་བསྟེན་ཞིང་ཐུགས་ཁར་གཏད། རྡོ་རྗེ་སློབ་དཔོན་རང་གི་དྲིལ་བུའི་སྒྲ་དང་བཅས་ནས་ལྷག་གནས་ཀྱི་མེ་ཏོག་མཐོར་བ་དང་ལྷན་ཅིག་རྭ་ཏྲཽ་སོགས་བཀྲ་ཤིས་ཀྱི་གླུ་དབྱངས་བསྐུལ་བའི་སྔོན་ཆད་བོད་ཡུལ་གྱི་ལག་ལེན་པ་རྣམས་ལ་མ་གྲགས་པའི་ཁྱད་ཆོས་དེ་ཉིད་དེ་དུས་བགྱིས། དེ་འཕྲལ་ཞལ་དྲོའི་རྒྱས་པའི་སྦྱིན་སྲེག་དང་འོ་ཐུག་སྒྲུབ་པའི་ལག་ལེན་ཡང་ཆོག་བཞིན་དུ་བྱས། དེ་ནས་ཐོག་མར་བཀྲ་ཤིས་སྤྱི་འགྲོའི་བྱིན་འབེབས་སྔོན་དུ་བཏང་ནས། སྦྱིན་པའི་བདག་པོ་རིག་ལྡན་ཆོས་ཀྱི་རྒྱལ་པོ་ཆེན་པོས་དཔལ་མཁའ་འགྲོ་རྒྱ་མཚོའི་དཀྱིལ་འཁོར་བཅུ་གཉིས་ཀྱི་རྟེན་དང་