R144: རྗེ་བཙུན་ཀུན་དགའ་གྲོལ་མཆོག་གི་ཕྱི་ནང་གསང་གསུམ་གྱི་རྣམ་ཐར།

  • Pagination (Witness A): 235
[A:235]བརྟེན་པར་བཅས་པའི་དཀྱིལ་འཁོར་མ་ལུས་པའི་བཀྲ་ཤིས་ཀྱི་ཚིགས་སུ་བཅད་པ་སྡེབས་ལེགས་ངོ་མཚར་བའི་ཐུགས་རྩོམ་གནང་བའི་སྟེང་ནས་ཡོན་མཆོད་ཀུན་གྱིས་མགྲིན་གཅིག་ཏུ་དབྱངས་ཀྱི་ང་རོ་དང་བཅས་ནས་བཀྲ་ཤིས་ཀྱི་མེ་ཏོག་རབ་ཏུ་གནས་པའི་ལྷ་ལ་བྱིན་འབེབས། དེར་འདུས་ཀུན་གྱིས་ཕྱོགས་བཅུ་ནས་མཛད་སྐབས། དབྱིངས་རྣམ་པར་དག་པའི་ནམ་མཁའ་བཻཌཱུརྱའི་ཁ་དོག་ལྟ་བུ་ཉི་འོད་ཀྱིས་རྒྱན་པ་ལས་བསྟན་པ་ལ་མངོན་པར་དགའ་བའི་ལྷ་ཚོགས་དཔའ་བོ་དང་རྣལ་འབྱོར་མའི་དབང་ཕྱུག་མ་ཀུན་གྱི་ལྷ་རྫས་ཀྱི་མེ་ཏོག་ཕྲེང་བ་ཆར་དུ་ཕབ་པ་ཡང་བདག་གི་གྲྭ་པ་འགའ་རེ་དང་གཟིམས་གཉེར་བ་ཀུན་གྱི་མིག་ལམ་དུ་ཕེབས་ངེས་བརྫུན་བྲལ་བྱུང་ཞིང། དེའི་ཚེ་བདག་གི་ཤེས་པ་ལ་ཡང་མཁའ་སྤྱོད་བདེ་ལྡན་གྱི་སྟེང་གི་ནམ་མཁའ་ལ་ལྷའི་ཚོགས་སྤྲིན་སྟིབས་པ་བཞིན་དུ་འཁོད་པའི་ཉམས་དང་ལྷན་ཅིག་ལུས་བ་སྤུ་ལོང་ལོང་དུ་གཡོ་བའི་དགའ་བ་རྒྱ་ཆེན་སྔོན་མྱོང་ཡུལ་དུ་མ་བྱུང་བའི་ཡིད་མགུ་བ་བླ་ན་མེད་པ་ཡང་དག་པའི་ཏིང་ངེ་འཛིན་ལྷུག་པ་ཡང་བསྙེན་མེད་དུ་རྒྱུད་ལམ་སྐྱེས། དེ་ནས་མངའ་དབུལ་གྱི་སྐབས་དཔལ་པོ་ཡང་བློའི་ཡུལ་ལས་འདས་པ་ངམ་རིངས། ཕོ་བྲང། ལྷུན་སྡིངས། ལྷ་ཁྱུང། རྟ་ཟུར་སོགས་ཀྱི་གཉེར་འཛིན་སོ་སོས་རྒྱ་ཆེར་བསྒྲུབས། ཆོས་རྒྱལ་ཡབ་སྲས་མེས་དབོན་རྣམས་སྦྱིན་བདག་སྒོ་བ་ལ་སྐུ་ཆས་གཟབ་རྒྱས་ཀྱི་རྒྱན་སྤྲོད་དང་བཅས་ཕེབས་མཚམས། ཆོ་ག་ཇི་ལྟ་བའི་སྒོ་ནས་ཡོན་བདག་བསྒོ་བ་བསྒྲུབས། དེ་ནས་བདག་ལ་གྲལ་གཙོ་ལ་ཤོག་གསུང་པ་ལ། བདག་མདངས་མཚན་ཡལ་གཉིད་མ་བྱུང་བ་དང། བརྗོད་བྱེད་ཀྱི་ཆོ་ག་ངག་འདོན་ལྕིས་པས་ལུས་སེམས་དུབ་པའི་རྣམ་པ་མཆིས་པས་མི་ཡོང། ད་རེས་གྲལ་གཙོ་