[A:236]བསོད་ནམས་རྒྱ་མཚོའི་དཔལ་གྱི་མངོན་པར་མཐོ་བའི་ས་སྐྱོང་མིའི་དབང་པོ་རིགས་ལྡན་ཆེན་པོ་ཉིད་ཀྱིས་བཀའ་དྲིན་སྐྱོང་བ་ཞུ་ཞུ། དེར་བདག་རྒྱ་སྒོམ་སྦུག་གི་གཡབས་ན་ངལ་བསོ་ལ་བསྡད་པའི་མདུན་དུ་ཞབས་སྐྱོད་པ་བདེ་བར་གནང་ནས་རབ་གནས་མཁན་པོའི་ཡོན་དུ་བཏབ་པའི་རྙེད་པ་ཡང་རིན་ཆེན་གསེར་གྱི་ཕུར་མ་འབའ་ཞིག་པའི་འབུལ་ཆ་རྒྱ་གོས་ཀྱི་རྟེན་ཁེབས་གསེར་མ་བཟང་བ་དང་བཅས་པ་གནང་ཞིང། བལ་པོ་བཟོ་བོ་རྣམས་ལ་ཡང་རྙེད་པ་གང་ཡོད་གསེར་རྐྱང་བསྩལ་བས་ཤིན་ཏུ་ཡིད་མགུ་དཀའ་བ་འབྱུང་བའི་ཡིད་ཅན་དེ་དག་ལྷག་པར་རངས་པའི་བློས་ངེད་རང་གི་ལོ་བརྒྱད་ངོ་དགུར་ལྟ་བ་ཙམ། དབུས་གཙང་དུ་ལག་བཟོ་བྱས་པས་ད་རེས་ཟླ་བ་དགུ་འདིར་འབད་པ་དོན་ཆེ་བར་བྱུང་ཟེར་ཅིང་སེམས་རྣལ་དུ་འཁོད་པར་གྱུར་དྲངས། དེར་ཡང་བདག་ཡར་རྒྱབ་ཕྱོགས་སུ་བདེ་མཆོག་གསེར་སྐུའི་རབ་གནས་ལ་འབོད་མིའི་བང་ཆེན་ཡང་བཅོམ་ལྡན་འདས་དཔལ་མཁའ་འགྲོ་རྒྱ་མཚོའི་རབ་ཏུ་གནས་པའི་ལེགས་བྱས་ཉིད་ཀྱི་སྐབས་དེར་སླེབ་བྱུང་བས། ལམ་གྱི་དུབ་པ་ཁྱད་དུ་བསད་ནས་སླར་དབུས་ཕྱོགས་ལ་འགྲོ་བའི་མདུན་པ་བསྒྱུར་སྐབས། བལ་པོ་རྣམས་ལ་དད་ཁྱེད་རྣམས་ལམ་གྱི་ཆ་ལ་རྟོག་པ་ཞིབ་པ་མ་བྱས་ན་ལག་གི་དངོས་པོ་སུའི་ནོར་ཡིན་རྔོ་མི་ཐོགས་པས། སྐྱེལ་མི་སོགས་ལ་འབད་པ་བགྱིས་ལམ་གྱི་ཆོམ་རྐུན་བསྲུང་བའི་སྔགས་མདུད་རེ་ལེན་པ་ལ་སང་སྔ་བར་ཤོག་སྨྲས་ནས། སང་གཟའ་སྐར་དགེ་བའི་ཐོ་རངས་དང་པོའི་ཆ་ལ་ལམ་དུ་ཞུགས་ཕྱིན་དུས། ཆོས་ཀྱི་རྒྱལ་པོ་ཆེན་པོས་ཀྱང་སྐྱེལ་ཐུང་བསྩལ། དེར་བལ་པོ་རྣམས་ག་རེ་སྨྲས་ཀྱང་གཉིད་ཀྱང་མ་བསད་པར་ཉལ་སྣང་ཟེར་མ་བྱུང་བས་ཁོང་རང་གི་ལོངས་