[A:238]གནས་མགོ་ཐོན་བྱུང་བས་གསེར་རྣམས་ཀརྨ་པ་འབྲོག་ཕྱོགས་ན་གདན་ཆགས་པའི་སར་ཕུལ་ན་སྙམ་པ་བྱུང་ཡང་འགྲོ་མི་རང་ཡང་མ་རྙེད་པས་སྟག་ལུང་ཚོགས་སུ་གསེར་འགུར་ཞོ་དྲུག་ཅུ་རེ་བཞི་དང། སྤྱང་ལུང་དུ་སྲང་གང་གི་འགྱེད་བྱས། དེར་སྡེ་པ་ཡུམ་སྲས་ཀུན་གྱིས་སྐུ་མཚམས་གྲོལ་ནས་རྒྱལ་ཆེན་གླིང་རང་དུ་ཕེབས་འཕྲལ་རྡོ་རྗེ་ཕུར་པའི་སྟོད་བྱང་ཆུབ་སྒྲུབ་པའི་དབང་ཆ་བཞི་ལ་སྐུ་ངོ་རྣམས་དང། བླ་མ་སློབ་དཔོན་སོ་སོ། ཕུར་སྒྲུབས་པ་ཀུན་འདོམས་པའི་དབང་ཆས་ཚོགས་འཁོར་སོགས་གཟབ་རྒྱས་རང་བྱུང་ཞིང། སྨད་མས་དབང་མི་དབང་ཆའི་གྲངས་བཏབ་མེད་པ་མ་བགྱིས་སྐབས་ཁང་གཉེར་བའི་བྱིས་པ་ཞིག་སྐྲས་པ་ལ་ལྷུང་ནས་མགོ་གྲུམ་ཏེ་དེ་ནུབ་རང་གུམ་པས་རྩུབ་འགྱུར་དུ་ཡང་སྔོན་པ་བྱུང།
དེ་ནས་བྱམས་པ་གླིང་དུ་ཡོན་མཆོད་ཀུན་བདེ་མཆོག་གི་རབ་གནས་ལ་ཕེབས་ནས་རྟེན་རྫོང་དབུས་ལུགས་རང་ལོ་ཆེན་བསོད་ནམས་རྒྱ་མཚོའི་ཕྱག་རྒྱུན་ལྟར་མཛད་ཅིང། སྔ་གོང་སྡེ་པ་གནམ་གཤེགས་ཀྱི་གདུང་ཚ་རང་རེའི་ལག་པས་ས་ཚར་བསྒྲུབས་ཞལ་གསེར་དང་དར་ཟབ་ཀྱི་ན་བཟའ་ཉིས་བསྒྲག་ཕུལ་བ་དེ་རྣམས་བདེ་མཆོག་གི་ནང་བཞུགས་དངོས་གཞིར་བཞུགས་སུ་གསོལ་ནས་ནང་རྫོང་ལེགས་པར་བསྒྲུབས་རྗེས། རབ་གནས་ཆོག་གྲ་གཉིས་སུ་གནང་བའི་བདེ་མཆོག་རང་གི་སྐུ་མདུན་དུ་བདག་ཅག་དཔོན་སློབ་བཞི་དང། བྱམས་པའི་ཞལ་རས་ལྷ་ཁང་དུ་བྱམས་པ་གླིང་པའི་ཟུར་ཆེན་རྣམ་པས་གཙོ་མཛད་ལཱུ་ཨི་པའི་ཆོ་ག་བློ་ལ་ཡོད་པ་ཀུན་འཚོགས་པའི་དཀྱིལ་འཁོར་རྡུལ་ཚོན་མ་བཞེངས་ནས་གནང། བདག་ཅག་གི་མངའ་དབུལ་དང། བུམ་གདན་གྱི་དཀྱིལ་འཁོར་གཉིས་པ་མཚོན་དང། གཞན་བདག་བསྐྱེད་ཁོ་ན་ལ་བརྟེན་ནས་