R144: རྗེ་བཙུན་ཀུན་དགའ་གྲོལ་མཆོག་གི་ཕྱི་ནང་གསང་གསུམ་གྱི་རྣམ་ཐར།

  • Pagination (Witness A): 239
[A:239]འཕགས་པ་རིན་པོ་ཆེའི་མངོན་རྟོགས་རིམ་པ་གསལ་བའི་ནང་ལྟར་གྱི་ཚིག་འདོད་བགྱིས་ནས། ལག་ལེན་ས་སྐྱ་པའི་བཞེད་དང་བསྟུན་པའི་རབ་གནས་རྗེ་བཙུན་གྲགས་པའི་དོན་གསལ་ཇི་ལྟ་བར་བགྱིས་པས་ཡེ་ཤེས་སེམས་དཔའི་སྤྱན་འདྲེན་ནས་བརྩམས། བྱིན་རླབས་ཀྱི་ཟིལ་ཕེབས་པའི་མཚན་མ་གཙོ་བོར་རྟེན་གྱི་སྐུ་སྔར་ལས་གཟི་འོད་ལྷག་པར་རྒྱས་པའི་དགེ་མཚན་དངོས་སུ་བྱུང་པས་ཡིད་ཆེས་ཤིང། རབ་གནས་དངོས་གཞིའི་བརྟན་བཞུགས་ཀྱི་གཟུངས་ཐག་རྡོ་རྗེ་རྟེན་གྱི་ཐུགས་ཀར་འཛིན་མི་བྱམས་དབང་པ་ཡིན་པས་དྲོད་ཚ་ཆིལ་པའི་སྣང་བ་བསྙོན་མེད་བརྫུན་བྲལ་ཏུ་བྱུང་ངེས་ཡིན་ཟེར། དེར་ཚོགས་པའི་ཆོག་གྲྭ་པ་ཀུན་གྱིས་ལྷག་གནས་ཀྱི་མེ་ཏོག་ཕྱོགས་གཅིག་ཏུ་གཏོར་ཞིང། བདེ་མཆོག་རང་གི་སྐུའི་གླང་ལྤགས་བླ་རེའི་ཚུལ་དུ་སྟེང་གི་ནམ་མཁའ་ལ་འཕྱར་བ་སོགས་རྗེ་བྱམས་པ་གླིང་པ་ཆེན་པོའི་ཐུགས་བཞེད་ཇི་ལྟ་བའི་ལུགས་སུ་ཡོད། རབ་སྟོན་ཡང་ཡུལ་ལུགས་ལྟར་དཔེ་བྲལ་དང། དེ་རིང་གི་གྲལ་དབུ་ཡང་ཞག་སྒྲེལ་དུ་བདག་ཅག་གིས་བྱས། གླུ་དང་གཞས་རྐང་བྲོ་སོགས་ཡིད་འཕྲོག་པ་ཡང་དག་གནང་ཞིང། འབུལ་པ་རྣམ་གཞག་རྒྱ་ཆེན་བྱུང། དེར་རབ་གནས་ལེགས་པར་མཐར་ཕྱིན་ནས་ཡར་རྒྱབ་ནས་བྲལ་ལ་ལ་བྱས། བྲག་དཀར་དང་སྤྱང་ལུང་བརྒྱུད་ནས་ལྷུན་གྲུབ་རྫོང་དུ་མུས་པ་དཀོན་མཆོག་གྲགས་པ་སྤྱན་དྲངས། པཎ་ཆེན་ནས་བརྒྱུད་པའི་དུས་འཁོར་གྱི་དབང་ཞུས་ཏེ་སྟག་ལུང་དུ་སོན། དེར་བསྡོད་རིང་གོང་ནས་ཀྱི་སྐུ་རིམ་དུ་བྱེ་རུའི་ཞགས་པ་ཆེ་བ་དེ་གནང་བྱུང་བ་སྐུ་རིམ་འགྱུར་ཆེ་བར་དམིགས་ནས་སྟག་ལུང་ཚོགས་སུ་བཀྱེ་ཞིང། བདག་ཆེན་ཨེ་པ་རང་གིས་མིག་ལམ་དུ་ཕེབས་པའི་ལག་ལེན་ཐོན་པ་བྱས།