R144: རྗེ་བཙུན་ཀུན་དགའ་གྲོལ་མཆོག་གི་ཕྱི་ནང་གསང་གསུམ་གྱི་རྣམ་ཐར།

  • Pagination (Witness A): 241
[A:241]འབྲེལ་ལྷག་པར་འགྲིག་ཅིང་ཁ་གཙང་རིལ་བུ་དུས་འཁོར་ལུགས་སུ་བསྒྲུབས་ཟེར་བའི་ལུང་བསྟན་ཡང་དུས་ཀྱི་འཁོར་ལོའི་ངེས་དོན་བདུད་རྩིའི་གཞན་ཕན་རྒྱ་ཆེན་ཡོང་བའི་ལྟས་སུ་གནང་སྙམ་པ་བྱུང་ཞིང། ཇོ་ནང་པ་རང་གི་ཞུ་ཡིག་དང་གཡས་རུ་བྱང་ཚོ་ནས་གནང་བའི་ཕྱག་དམ་གཉིས་ཀ་མཐུན་པར་འདིར་སྒྲུབ་སྡེ་ཆེན་པོའི་གདན་སའི་འོས་རྗེ་རིན་པོ་ཆེ་ཤེས་རབ་བཀྲ་ཤིས་པའི་ཞལ་སྔ་ནས་དང། ཚོགས་མཁན་ཆེན་ངག་དབང་ཀུན་དགའ་བསྟན་པའི་རྒྱལ་མཚན་དཔལ་བཟང་པོ་པ་དང། བདག་ཅག་གསུམ་ཀུན་མཁྱེན་ཆེན་པོའི་སྐུ་འདྲའི་དྲུང་བརྟག་པ་ཞུ་བ་ལ་ཆོས་རྗེ་རྣམ་རྒྱལ་བ་གནང་དུས། བརྟག་པའི་ཤོག་རིལ་བདག་པའི་མིང་ལན་གསུམ་བཏུད་མར་ཐོན་མཚམས། ས་གཡོས་པའི་དབང་ལས་སྐུ་འབུམ་མཐོང་གྲོལ་གྱི་དྲིལ་བུ་ཀུན་ཀྱང་སིལ་གྱི་སྒྲའི་སྐད་གསང་ཐོན་པ་བྱུང་ཚུལ་སོགས་སྣང་བས་སྐད་ཐོན་པའི་ངེས་དོན་གྱིས་བསྟན་པའི་འཕེལ་རྒྱས་རང་ལ་བསམས་ནས་ཁས་ལེན་བྱས་པའི་ཞུ་ཡིག་ཞུ་ལེན་སོགས་འགོར་མེད་རང་དུ་བགྱིས། དེ་དུས་དགེ་སློང་ཀུན་དགའ་ཉི་མ་བལ་པོ་བརྒྱུད་ངེད་རང་བསྙགས་བྱུང་བས། ཁོས་མུ་ཏིག་སྤོར་གང་ཕུལ་བ་གཞི་བྱས་པའི་མུ་ཏིག་གི་འཕན་ཀྱང་བཀོད་པས་ཁྱད་པར་དུ་འཕགས་པ་བསྒྲུབས་ནས། དེ་དང་དངུལ་སྐུ་གཉིས་སྤྱང་ལུང་ཆོས་སྡིངས་སུ་སྤྱན་དྲངས། གསེར་གྱི་འཁོར་ལོ་ནི་བྱམས་པ་གླིང་གི་བདེ་མཆོག་རང་གི་ཡེ་ཤེས་སེམས་དཔའ་ཞུ་ལུགས་བྱས་པའི་ལྷ་མཆོག་རང་གི་དྲུང་དུ་ཕུལ་ལོ༎ སླར་ཡང་སྟག་ལུང་དུ་འོངས་ནས་ཆོས་ལྷག་འགའ་རེ་བྱས་གཙོ་བོར་དགེ་སློང་ཉིས་བརྒྱར་ཉེ་བ་སྒྲུབས་པའི་བདག་གི་མཁན་པོ། སྟག་ལུང་རིན་པོ་ཆེ་ལས་སློབ། རང་རེའི་དབོན་པོ་ཀུན་དགའ་དཔལ་བཟང་