[A:243]ཇ་རྡུལ་བཟང་བ་རྣམས་དང་དགེ་སློང་བགྲེས་པོའི་ཞག་གསུམ་ཉིན་མཚུར་ཕུར་ཕ་རིན་པོ་ཆེ་ཏྲཻ་བོའི་དྲུང་དུ་ཇ་བཟང་བ་ཚིགས་སྦྲེལ། གོས་ཕྱི་ནང། རབ་དཀར། སྤོས་ཆག། ཁ་བཏགས། མཆེད་གྲོགས་དྲུག་ཅུ་རེ་བགྲང་ལ་མང་ཇ། བཟང་དར་ཁ་རེའི་འགྱེད་རྣམས་བསྒྲུབས། དེར་དགེ་སློང་གི་ཕུང་པོ་བྱ་ལ་འགྱེད་པའི་རེ་དམིགས་དང་སྒོ་སྟུན། སྤྲུལ་སྐུའི་དྲུང་དུ་མ་གཅིག་ཀ་སོ་མ་རྒྱལ་ཐང་ལུགས་ཀྱི་དབང་ལུང་ཙམ་བྱས་རྗེས་ཞག་བདུན་ལས་མ་བསྡད་པ་ལམ་བསྲངས། ཡར་ལམ་ནུབ་ཆོས་ལུང་ལ་བྱས། ཚོང་འདུས་སུ་ཞག་བཅག་མལ་བྱས་སྐབས་ས་སྒང་ནས་མོན་རྫོང་པའི་གསང་ཡུམ་བགྲེས་མོ་དེ་བཀའ་འབྲེལ་ཞུ་བ་ལ་བྱུང་བས་ཚེ་དབང་སོགས་ཕུལ་ཞིང། རང་རེས་ཀྱང་ཕག་མོའི་བརྡ་དབང་ཞུས་ཏེ་བླ་མའི་རྗེས་འདིས་རྫོགས་སོ༎
དེ་ནས་རིམ་གྱིས་གཡས་རུ་བྱང་གི་མངའ་ཞབས་བསྐྱོད་བདེ་བར་སླེབ་སྟེ། བཅོ་ལྔའི་ཉིན་དངུལ་ཆུའི་རྒྱལ་སྲས་སེམས་དཔའ་ཆེན་པོའི་སྐུ་མཇལ། སྙན་དར་སོགས་ཕུལ། དགེ་སློང་ཆོས་དཔལ་ལ་དམིགས་པའི་སྨོན་ལམ་ཡིད་ཚིམ་པ་བཏབ། བཅུ་བདུན་མཆོད་སྟེངས་སུ་ཇོ་དམར་སླེབ་པས་སྔར་གཏན་མི་དྲན་པའི་དེ་ལོ་དར་ཆགས་པ་ལ་སྒྲུབ་པ་མོ་ཀུན་ལམ་བྱས་བསུ་བ་ལ་བྱོན་བྱུང་པས། དེར་མཇལ་མ་སོགས་དང་ཆོས་འབྲེལ་གྱི་ཐོག་མར་ཀུན་མཁྱེན་ཆེན་པོས་མཛད་པའི་མ་ཎིའི་སྒྲས་ཐིག་ལེ་ཡིག་དྲུག་དང། པདྨ་མེའི་སྒྲས་སྟོང་ཆེན་ཡིག་ལྔ་སྦྱར་བའི་ཨེ་ཝཾ་ཟུང་སྦྱོར་དེ་བཤད། དེ་མཚམས་བདག་རང་གི་ལམ་སྣ་བྱས་ནས་དར་ཐོག་ལ་སྒྲུབ་པ་མོ་རྣམས་ཕྲེང་བསྒྲིགས་ཏེ་ཆུའི་ཕ་ཁར་བསྒྲལ་ནས། རྡོར་འཛིན་པ་ལ་རྡོ་རྗེ་དྲིལ་བུ་སྐད་བཟང་བ་རང་ཅིག་དང། སྒྲུབ་པ་མོ་རྣམས་ལ་སྤྱིར་སྤོས་ཤེལ་ལག་རྩེ་ཆེ་