R144: རྗེ་བཙུན་ཀུན་དགའ་གྲོལ་མཆོག་གི་ཕྱི་ནང་གསང་གསུམ་གྱི་རྣམ་ཐར།

  • Pagination (Witness A): 244
[A:244]བ་ཅིག་དང་རས་དཀར་སྣེ་ཚང་གསུམ་སྦྱིན་ནས་ཁྱེད་རྣམ་པ་འཁོར་བའི་རྒྱ་མཚོའི་ཕ་རོལ་དུ་བསྐམ་ལ་བདེ་བར་ཕྱིན་པ་ཡིན་པས་ད་སུ་ཡང་ཕྱིར་མ་ལོག་ཅིག། བདག་ཅག་སྲིད་པར་བསམ་བཞིན་སླར་ཡང་སེམས་ཅན་གྱི་དོན་ལ་ལོག་འགྲོ་བ་ཡིན་སྨྲས་ནས་ཚུར་ལོག་རྟ་ལ་ཞོན་མཚམས། རྡོར་འཛིན་པ་དང་སྐུ་འབུམ་པ་སྙིང་རེ་མ་སོགས་དྲག་པ་འགའ་རེས་གཙོ་བྱས་ནས་ཀོ་ཁ་བའི་སར་ཇ་གཏེར་གཟེར་ལོག་བྱུང་བས་དེ་མཚམས་རང་དར་ཞིག་ཏེ་སླར་ཀོ་བ་ལ་འགྲོ་དགོས་པ་བྱུང་སྐད། དེ་ནུབ་བྲག་སྣར་ཉལ་ནང་པར་གོང་ནས་རིན་པོ་ཆེས་དབུ་མཛད་པའི་བློ་མཆོག་འཕེན་སོགས་ཕྱག་ཕྱིར་བཀྲ་ཤིས་ནས་བསུ་བ་ལ་ཕེབས་པ་དང་སྤས་དྲོའི་འོག་གི་འཕྲང་སྣེ་དེར་མཇལ། དེ་ནས་རིམ་གྱིས་ཡོན་མཆོད་ལྷན་ཅིག་ལོ་ཆེན་དང་མཇལ་ཙམ་བྱས་ནས་ལྷུན་སྡིངས་སུ་ལོག། དེ་ནས་རིམ་པར་བགྲོད་བདེ་བའི་ངང་ནས་ངམ་རིང་གི་ཕོ་བྲང་མཆོག་དེར་འོངས་པས། རིགས་ལྡན་ཆོས་ཀྱི་རྒྱལ་པོ་ཆེན་པོ་གང་ཉིད་དབུ་རྨོག་ཏུ་ཕེབས་པའི་ཚོགས་མཁན་ཆེན་པོས་གཙོ་མཛད་ཆེ་དགུ་ཀུན་གྱི་བསུ་བའི་རྣམ་གྲངས་བློ་ལས་འདས་པའི་བཀྲ་ཤིས་དགེ་མཚན་ཡར་དཔེ་ལ་འཇོག་པའི་དགྲ་གཉེན་མ་ལུས་པའི་མིག་ལམ་དུ་བདར་བའི་ཚིམ་པ་མཆོག་ཏུ་ཐོབ། དེར་དགུན་དེ་ཇོ་ནང་དུ་དགུན་ཁྲིད་ལ་འགྲོ་འདུན་ཡིན་ཀྱང་སྔར་གྱི་བལ་པོ་དཔོན་མོ་ཆེ་རྣམས་རྟེན་འབྲེལ་འཆུགས་པའི་དབང་ལས་ལམ་དུ་མགོ་མ་ཐོན་པར་སླར་རྙེད་ཚོལ་ལ་ལོག་ཡོངས་སྣང་བ་སྙིང་རྗེ་སྐྱེས་ནས། རྒྱན་དྲུག་དེ་སྒྲུབ་པའི་བློ་འདུན་བྱས་པའི་སྐབས་སླར་བལ་པོ་ནས་བརྐོས་མཁན་ཨུ་ཙོདཔེན་ཟེར་བ་ཞིག་གློ་བུར་དུ་སླེབས་བྱུང་བས་རྟེན་འབྲེལ་རང་འགྲིག་ཏུ་གྱུར་ནས། རྒྱུད་སྡེ་ནས་ཇི་སྐད་བཤད་པའི་