R144: རྗེ་བཙུན་ཀུན་དགའ་གྲོལ་མཆོག་གི་ཕྱི་ནང་གསང་གསུམ་གྱི་རྣམ་ཐར།

  • Pagination (Witness A): 245
[A:245]རྒྱན་དྲུག་དཔེ་བྲལ་དེ་ཟླ་བ་དྲུག་གི་རིན་ལ་བསྒྲུབས། དེ་མཐུན་མཁའ་འགྲོ་ཆོས་སྐྱོང་གིས་བཀུག་ནས་བླ་བྲང་ཤར་སའི་ཕྱག་ན་ཡོད་པའི་རྗེ་བཙུན་གྲགས་པའི་ཕྱག་སྐྱོགས་བྲམ་ཟེ་སྐྱེ་བདུན་གྱི་ཐོད་པ་གྲགས་པ་ཅན་དེ་ཡང་འབད་མེད་དུ་གོང་ནས་ཀྱི་ཕྱག་ཏུ་འདུས་ནས་དེ་ལ་ཡང་གསེར་ལྗང་རྡུངས་ཀྱི་ནང་ཤུན་སེར་མགུར་མོ་སོ་བདུན་ལས་བསྒྲུབས། རིན་པོ་ཆེའི་ཕྲ་བཀོད་དུ་མས་རྒྱན་ནས་རྒྱན་དྲུག་དང་ལྷན་ཅིག་ཐབས་ཤེས་དབྱེར་མེད་ཀྱི་ཚུལ་དུ་བཞུགས་པ་ལགས། དེར་ངེད་ངམ་རིངས་སུ་བསྡོད་རིང་ངེད་ལ་བརྙས་སྟབས་ཀྱིས་བོ་གདོང་པ་འགས་ཇོ་མདར་ཉ་བརྡུང་བ་སོགས་བྱས་སྐབས་སྲོད་ཁྱེར་ཙམ་ལ་བླ་བྲང་ཕྱོགས་ནས་བཙོ་དམར་ཐོན། བོ་གདོང་ཕྱོགས་སུ་འགྲོ་བ་མཐོང་གསལ་དུ་གྱུར། དེར་ཟླ་བ་ལྔ་པའི་ཉེར་གཅིག་ལ་རི་ཁྲོད་ཆེན་པོར་འོངས་ནས་སྨན་བཙུན་རྒྱལ་མོའི་བསུ་བའི་བརྡ་མཚོན་ཕུ་ཆུ་སྔོན་མེད་བརྡོལ་བའི་ཆུ་སྣ་དང་སྐུ་འབུམ་མཐོང་གྲོལ་གྱི་མདུན་སུ་འཛོམ། དེ་ལོའི་དབྱར་ཆོས་ལ་སྦྱོར་དྲུག་གཅིག་གནང་དགོས་པའི་ནན་བསྐྱེད་འདུག་ནའང། རང་རེའི་གདན་ས་གོང་མ་ཆོས་རྗེ་རིན་པོ་ཆེ་པས་སྦྱོར་དྲུག་འཆད་ཐེབས་གསུམ་ལ་མགོ་ཐོན་བསྟན་མེད་མཚམས་མཐར་ཁོང་པ་རང་སྦྱོར་དྲུག་གི་ཁྲིད་ཞབས་མ་རྫོགས་པ་ལ་གཤེགས་སྣང་བས། ད་ལན་སྦྱོར་དྲུག་མི་བྱེད་པར་ཐོག་མའི་སྒོ་འབྱེད་དམར་ཁྲིད་སྦྱོར་ཚ་མ་གཅིག་བགྱིད་པ་ཡིན་བྱས་ནས་ཆོས་དབུ་བཙུགས། ཉིན་རེ་བཞིན་ལྷ་སྐུ་མདོག་དཀར་བ་ཤས་སྟག་གི་རྗེས་གནང་རེ་རེ་བྱས་ནས་ཟླ་ཆོས་གཅིག་བཤད་ཅིང། དེར་བདག་ཇོ་ནང་དུ་སླེབ་ནས་ཞག་ལྔ་ཙམ་སོང་དུས་བསྡོད་པའི་ཐོག་རྩ་ནས་ཤོག་ཡན་ཆུང་ཆུང་གཉིས་པང་དུ་གྲུལ་བྱུང་བ་ཅི་ཡིན་བལྟས་པས་སྨན་