[A:246]བཙུན་མའི་གཏོར་ཆོག་ཏུ་འདུག་པས་རྟེན་འབྲེལ་ཤིན་ཏུ་ལེགས་པར་གོ༎
སྔ་གོང་ངམ་རིངས་སུ་ཡོད་དུས་ཇོ་ནང་སྨན་བཙུན་མ་ཤིན་ཏུ་གཉན་ཆ་ཆེ་ཞིང་ཆོས་རྗེ་ཨོ་རྒྱན་རྫོང་པ་དང། ཆོས་རྗེ་རིན་ཆེན་པ་སོགས་ལ་ཁུ་ལྡོག་གི་རྣམ་པ་མང་དུ་བྱུང་ཚུལ་བརྗོད་མི་བྱུང་སྐབས་བསམ་པ་ལ་ཁོང་དག་དང་འོ་སྐོལ་མི་ཅིག་བསགས་རྒྱབ་སོ་སོ་ཡིན། རང་རེ་སྔོན་རོང་ཟོམ་དུ་སྐྱེ་བ་བླངས་དུས་བོད་ཡུལ་གྱི་འདྲེན་སྲིན་མ་ལུས་པའི་སྲོག་སྙིང་ལོན་པས་གར་ཕྱིན་ཀྱང་འཁུ་ལྡོག་ཡོང་མ་དྲན་སྙམ་པའི་ཡིད་ལ་གདེང་ངམ་ངལ་ཤུགས་འབྱུང་དུ་བྱུང་ཞིང། ཇོ་ནང་དུ་སླེབ་སྐབས་སྒྲུབ་པ་མོ་འགའ་རེ་དང་འཕྲོས་གཏམ་བྱུང་བ་ལ། ཆོས་རྗེ་རིན་ཆེན་པ་ནང་པར་འབྱོན་པའི་དོ་ནུབ་བལ་མདར་བཞུགས་པས། དེ་ནུབ་སྒྲུབ་པ་མོ་འགའ་རེའི་རྨི་ལམ་དུ་རེ་བ་ནག་པོའི་ཡོལ་བ་ཇོ་མདའ་ལ་བཏང་བ་རྨི་ཞིང། དེ་ནུབ་རང་དྲུང་ཆེན་སྐྲས་ལ་བུབ་ནས་སྐད་ཅིག་ལ་འདས། ནང་པར་ཁྲི་ཁར་ཕེབས་པ་དང་མཆོད་རྟེན་ཆེན་མོ་ལ་གྲིབ་སོ་ཕོག་པ་དུས་མཉམ་སོགས་ལྟས་མི་ལེགས་པ་མང་དག་བྱུང་ཡང། ད་རེས་སྨན་བཙུན་མ་དགྱེས་པའི་བལྟས་རང་འདུག། འོན་ཀྱང་ངེད་རང་ཇོ་ནང་གི་བླ་མ་ཡོངས་ལ་བྲག་རམ་གྱི་ཆོས་སྐྱོང་བེག་ཙེ་བ་འདིས་སྐུ་ཚེ་ལ་བར་ཆད་བྱེད་པ་ཡིན་ཟེར་བ་ལ། སྤྱིར་བྲག་རམ་དང་ཇོ་ནང་གཉིས་ཀར་དུ་ཐོག་མར་གྲུབ་ཐོབ་འདར་ཆར་བྱོན། ད་ལྟ་རི་ཁྲོད་ཆེན་པོ་ཉིད་ནའང་འདར་ཆར་ཕུག་ཏུ་གྲགས་པ་འདི་ཡིན། དེ་དུས་ཇོ་ནང་གི་གནས་སྐྱོང་ཡང་བེག་གདོང་ལགས་ཤིང། ལྷག་པར་ངེད་རང་གིས་བྱམས་པ་དཀོན་མཆོག་དཔལ་བཟང་པ་ལ་བེག་གདོང་ལྕམ་དྲལ་གྱི་བསྲོག་དབང་ཞུས་པས་ངེད་ལ་ལྟོས་གྲོགས་བྱེད། ཕལ་དུ་བྲག་རམ་པ་རང་ངེད་ཀྱི་ངོ་ལ་ཇོ་ནང་