R144: རྗེ་བཙུན་ཀུན་དགའ་གྲོལ་མཆོག་གི་ཕྱི་ནང་གསང་གསུམ་གྱི་རྣམ་ཐར།

  • Pagination (Witness A): 248
[A:248]ཡོངས། གདུང་ཚིགས་ཀྱི་ཆོ་ག་མཚན་སྦྱངས་ཞུ་བ་སོགས་བྱས་ནས་ནང་རྟེན་དུ་སྤྱན་རས་གཟིགས་སུ་ག་ཝ་ཏི་འགྲོ་བ་དྲུག་གྲོལ་དུ་གྲགས་པའི་སྐུ་དེ་དཔོན་མོ་ཆེ་བལ་པོ་རྣམ་པས་བཞེངས་པའི་ཁས་བཀོད་བྱས་ནས་ལེགས་པར་གྲུབ་ཅིང། རབ་གནས་ཀྱི་བར་མཐར་ཕྱིན་མཚམས་ཟླ་བ་བཅུ་གཉིས་པའི་ནང་དུ་ཇོ་ནང་ལ་དགུན་འཁྲིད་འཆད་པའི་འདུན་པས་ཕྱིན་སྐབས། མར་ལམ་སྨིན་སྡིངས་སུ་ལོ་ཆེན་མཇལ་བ་ལ་ཕྱིན་པས། བཀའ་ལུང་ལ་བྲག་རམ་པའི་བཀའ་བཞི་པའི་རྨི་ལམ་དུ་ཇོ་ནང་པའི་བླ་མ་རྣམས་གཤེགས་དུས་ཡོང་བའི་རྟགས་དེ་ད་ལོ་ཡང་བྱུང་བས་ངེས་པར་བདག་པ་སོགས་རྟོག་པ་ཟ་བའི་འཇིགས་འཇིགས་བྱོན་ཀྱིན་འདུག་པ་ལ། སྤྱིར་འདུས་བྱས་ཡིན་པས་དེ་རིང་མི་འཆི་བའི་གདེངས་མེད་ཀྱང། འོན་ཀྱང། མི་ང་འབན་བཙུན་རེའི་རྨི་ལྟས་ཀྱི་འོག་ཏུ་གཏན་མི་ཚུད་པས། རྒྱ་ལ་མ་ཤི་ན་ཁོ་ལ་ངའི་སྟོན་སྟོང་ལེན་ཞུས་ནས་འཕྱོན་གྱི་ཆུ་ཚན་ཁར་ཁྲུས་བྱས་ཏེ་བཅུ་བདུར་མཆོད་པའི་ཉིན་རི་ཁྲོད་ཆེན་པོར་སླེབས་པས། སླེབས་ཉིན་རང་ཆོས་ཁྲིའི་ཁར་ཕྱིན་པས་ཞག་གསུམ་ཙམ་སྐུ་ངལ་བསྟེན། དེ་རྗེས་སུ་དུས་ཁྲིད་གནང་ན་ཞུ་མི་མང་པར་འདུག་པ་ལ་དེ་རིང་སྔར་གྱི་བླ་མ་བཀའ་དྲིན་ཅན་གྱི་ཟླ་མཆོད་ཡིན་ཅིང་དེ་རིང་ཡང་བཀའ་དྲིན་ཆེ་བའི་བླ་མ་ཞིག་གི་ཟླ་མཆོད་ཡོད་སྙམ་པ་འདུག་པས་དེ་རིང་ཀ་ཁྲིད་འཛུགས་བྱས་ནས་དབུ་བཙུགས། དགུན་ཁྲིད་བར་ཆད་མེད་པར་མཐར་ཕྱིན། དེ་དུས་སྔར་ཆོས་རྗེ་རིན་ཆེན་པའི་རིང་དུས་ཁྲིད་མེད་པ་ཡུན་རིང་པས་ཁྲིད་གསར་པ་ལྟོས་ཆེ་བ་བྱུང། དེར་ཆོས་ར་གསར་འདེབས་ཀྱི་བཀོད་པ་རྟིངས། ཁྲིད་གྲོལ་རྗེས་སླར་གོང་ནས་སྐུ་ཁམས་མ་བདེ་བར་ངམ་རིངས་སུ་ཡོངས་སྐབས། སྟག་ལུང་མཆོད་ཁང་མེས་