R144: རྗེ་བཙུན་ཀུན་དགའ་གྲོལ་མཆོག་གི་ཕྱི་ནང་གསང་གསུམ་གྱི་རྣམ་ཐར།

  • Pagination (Witness A): 250
[A:250]སྒྲུབ་སྡེར་སྒྲུབ་རྒྱགས་རྒྱུན་ལྡན་གྱི་ཆོས་གཞིས་སྦྱོར་བ་སོགས་བཀའ་དྲིན་དུ་མཛད་ཅིང། དེ་ལོའི་དུས་གཟིངས་སྐབས་ཀྱང་སྒྲུབ་པ་མོ་རྣམ་པའི་ཕ་མའི་ཁྱིམ་མ་ལུས་པ་ལ་དར་འཛུགས་མཛད་ནས་མི་འཇིགས་པའི་སྐྱབས་ཀྱི། དྲིལ་ཆེན་པོ་བསྒྲགས། སྒྲུབ་སྡེ་ཆེན་པོའི་བསྲེག་མཐུད་པ་ལྟ་བུའི་བཀའ་དྲིན་མཛད་ཅིང། ས་སྐྱ་གདུང་བརྒྱུད་ཀྱང་དེ་དུས་ཕེབས་ནས་ནག་པོ་གཞུང་དྲུག་གི་ལུང་ནོད་པ་གནང། འདི་སྐབས་ཆོས་རྒྱལ་ཆེན་པོ་ཉིད་ལྷ་དབང་རྩེར་བཞུགས་དུས། གནས་གསར་བ་རྣམ་པའི་འཕོ་འཆུག་ལ་བརྟེན་པའི་བདག་ཅག་པས་ཞུ་ཕོད་ཆེ་བའི་ཞུ་ཡིག་ན་རིམས། བརྗོད་པར་མི་སྤོབས་པའི་ཞུ་ལན་ཉིན་རེ་བཞིན་དང། ལྷག་པར་ཆོས་རྗེ་རིན་པོ་ཆེ་མཚར་ས། ཆོས་རྗེ་མཁྱེན་བརྩེ་བ་དཔོན་སློབ་ཀྱི་ཞུ་ངག་ཞུ་དོན་ཇི་ལྟར་བའི་ཡི་གེ་ལག་རིས་ཆེས་རྩུབ་པ་རྒྱུན་མི་འཆད་ཀྱི་ཐུགས་གཡེངས་བའི་སྐབས་ཡང་ཡང་བསྙན་དབང་རྩེར་དགོས་པ་བྱུང། དེ་ལོའི་དགུན་འཁྲིད་ལྷག་པར་འཕེལ་ཞིང་ཁྲིད་སྟོན་སྔོན་མེད་ཕྱེ་མར་རི་བོ་ཙམ་དང། འབྲོང་ཤ་རི་ལྟར་དཔུངས་ནས་མི་རེའི་དགོས་སྐལ་གྱིས་ཀྱང་ཚིམ་པ་ཐོབ་པའི་བློ་འདས་གོང་ནས་རིན་པོ་ཆེས་བཀའ་དྲིན་དུ་མཛད། དེ་ལོའི་དགུན་ཁྲིད་གྲོལ་མཚམས་ལབས་སྐོར་འདབ་སྐྱེས་བཞེངས་པའི་ནི་གུའི་བརྒྱུད་པའི་རབ་གནས་བྱས་ནས། དགུན་ཆོས་སྟེངས་སུ་ཆོས་སྡེ་ཆེན་པོའི་མཁན་ཆེན་པས་གཙོ་མཛད་དཔོན་སློབ་རྣམས་ལ་དབང་རྡོ་རྗེ་ཕྲེང་བ་ཅིག་དབུ་བཙུགས་པས། འཇམ་རྡོར་དང་མི་བསྐྱོད་པའི་དབང་གཉིས་གྲོལ་རྗེས་བྱ་བ་འགའི་གཡེངས་བས་འཕྲོ་བཞག་ཆོས་མཚམས་བགྱིས། དབུས་ལ་ཆས་ནས་ལམ་དུ་ཞུགས་ཏེ་མར་ལམ་ལྷ་རྩེར་མཆོག་གི་རྡོ་རྗེ་སློབ་དཔོན་རབ་གསལ་ཟླ་བ་