R144: རྗེ་བཙུན་ཀུན་དགའ་གྲོལ་མཆོག་གི་ཕྱི་ནང་གསང་གསུམ་གྱི་རྣམ་ཐར།

  • Pagination (Witness A): 257
[A:257]དཀར་གྱི་དངུལ་སྐུའི་རབ་གནས་བགྱིས། དེ་སྐབས་ཀྱི་སྣང་སྦྱིན་ཇ་སིག། གོས་ཕྱི་ནང། དངུལ་ཕོར། སྤོས་ཆག་སོགས་བྱུང་བ་རྔོག་པ་གདུང་བརྒྱུད་པའི་ཕྱག་ཏུ་ཐེངས་པ་བྱས། དེ་ནས་ཆུ་བོ་རིའི་ཤན་ལམ་བགྱིས་ནས་སླད་ནས་ཀྱང་སྐྱོར་མོ་ལུང་དུ་ཕྱིན། ཡབ་ཡུམ་དགོངས་པར་ཡོད་པའི་བཀའ་དབང་འགའ་རིམ་ཅན་དུ་ཕུལ་ཞིང། དེའི་དུས་ནུབ་ཅིག་མ་གཅིག་གི་ནམ་མཁའ་སྒོ་འབྱེད་ཀྱི་བྱིན་རླབས་ཤིག་ཡབ་ཡུམ་ལྷན་ཅིག་ཕུལ་བས། དཔོན་སའི་དྲུང་ཡེ་ཤེས་བབས་པའི་སྐུ་ཉམས་ཆེན་པོའི་འགྱུར་བ་སྣང་ཅིང་དབྱིངས་རིག་ཇི་ལྟ་བའི་དགོངས་དོན་འགྲུབ་པས་བར་ཆད་ཀྱི་མཚན་མ་རང་སར་གྲོལ་ནས་གདུང་བརྒྱུད་ལྷུམས་སུ་ཞུགས་པ་སོགས་བཀྲ་ཤིས་ཀྱི་སྒོ་ཕྱེ་བའི་ལེགས་བྱས་འབད་རྩོལ་གྱིས་བསྲུང་བ་སོགས་ཀྱི་བྱེད་པ་ལ་མ་ལྟོས་པར་བྱུང་ཞིང། སྤྱིར་སྔོན་གྱི་དུས་བདག་གི་བླ་མ་རྗེ་བཙུན་རིན་པོ་ཆེ་སྦས་པའི་སངས་རྒྱས་བཟང་པོ་བ་བཞུགས་ཐོག་ཙམ་དུ་གནང་ཞིང། དེར་ནུབ་གཅིག་གི་ཞག་ས་དང། རྗེ་བཙུན་མའི་དྲུང་དུ་བསྙུང་གནས་ཀྱི་གུག་པ་ཅིག་མཛད་ནས་གཙང་ཕྱོགས་ལ་ཕེབས་པས། གསེར་མདོག་ཅན་ཚོར་པཎ་ཆེན་དང་མཇལ་ནས་ཞལ་འཕྲོས་ལ་རྒྱུ་མཚན་ཕུལ་པས། པཎ་ཆེན་རིན་པོ་ཆེའི་གསུང་གིས་དེ་རྟེན་འབྲེལ་ལྷག་པར་མ་ཡག་དེར་ཚོགས་འཁོར་ཅིག་དགོས་རྒྱུ་ཡིན་པ་ལ་ལོངས་སྤྱོད་ཀྱི་གངས་སྟོང་སོགས་ཀྱི་རྟེན་འབྲེལ་ཡོད། ད་ཁྱེད་རང་མི་སླེབ་ན་ཡང་ཉེ་འབྲེལ་ལམ་སློབ་མ་འདྲ་བས་རྗེ་བཙུན་མའི་དྲུང་དུ་ཚོགས་འཁོར་ཅིག་ཕུལ་ན་ལེགས་གསུང་བ་རྣ་བར་ཡོད་པས་སྔ་ཕྱིར་སྐྱོར་མོ་ལུང་དུ་བསྡོད་རིང་སྔས་མགོར་འབྲལ་མེད་བྱས་ནས་ཚོགས་བརྒྱ་ཙམ་དང་རྗེས་འབྲེལ་དུ་ཡང་ཡང་མགོར་བླངས་པའི་སྨོན་ལམ་སེམས་ཚིམས་