[A:258]ངེས་ཤུགས་བསྐྱེད་ནས་བཏབ་ཅིང། སླར་རྗེ་བཙུན་མ་ཉིད་ཀྱི་ཕོ་བྲང་རེ་གཅིག་གི་དགོན་པར་ནུབ་མོ་གཅིག་ཕྱེད་དུ་ཉལ་བའི་སྔས་མགོར་སྤྱན་དྲངས་ནས་དེ་ནུབ་རི་བོ་དགེ་ལྡན་པའི་གནས་ཡིན་པས་ཚོགས་འཁོར་སོགས་ལ་དགག་དགོས་ཆེ་བར་སྣང་ཡང་དངོས་གྲུབ་ཀྱི་གནས་ལ་རེ་བའི་དུང་བ་ཆེས་ཆེ་བའི་དབང་ལས་འཇིགས་མེད་ཀྱི་སྤོབས་པ་བསྐྱེད་དེ་རྗེ་བཙུན་མ་ལ་དར་ཁ་མདོག་ལྔའི་སྙན་དར། གསེར་ཞོ་གང་གི་དཀར་མེ། ལྷག་པར་ཐོད་པ་ཆང་གིས་བཀང་པ་ཅིག་ཕུལ། རང་གིས་ཀྱང་དཔའ་མ་ཞུམ་པར་ཚོགས་ཀྱི་ཟས་ལ་ཚིམ་པར་ལོངས་སྤྱད་ཅིང། ཨོཾ་གསུམ་མ་བརྒྱ་རྩ་བརྒྱད་ཀྱི་ཞལ་སྐྱིན་བླངས་ནས་ཉལ་རྨི་ལམ་གྱི་འཆར་སྒོ་ནི་ཅི་ཡང་མ་བྱུང་ངོ༎
སྔ་རྟིང་དུ་རྗེ་བཙུན་མ་ལ་གསེར་ཆབ་དང་ན་བཟའ་ཡིད་ཆེས་པ་ཡང་ནས་ཡང་དུ་ཕུལ་བས་བློ་བདེ་ཆེན་པོའི་ཚིམ་པ་ཡང་ཐོབ།
དེ་ནས་སྒ་ལ་ལ་བྱས་ནས་འཕན་ཡུལ་གྱི་ཤར་འབུམ་པ་མཇལ་ཏེ་སྟག་ལུང་དུ་ཕྱིན་པས་རིན་པོ་ཆེའི་དྲུང་བྱང་ཕྱོགས་ནས་ཕེབས་པ་དང་སྣ་ཐུག་ཙམ་བྱུང། དེར་གང་ལེགས་ཀྱི་ཞུ་བ་སྙན་དུ་བཏབ་ནས་སྐྱར་ལོག་བྱས། སྐྱོར་མོ་ལུང་ཞབས་དྲུང་དུ་ཡང་ངལ་གསོ་ཙམ་ལས་སྐྱིད་ཆགས་མ་བྱས་པར་ལམ་བསྲངས་གོང་དཀར་ཞབས་དྲུང་ཚོར་ཡང་མ་མཇལ་བར་གན་པ་ལ་ལ་བྱས་ངུར་སྨྲིག་མི་སྒྲོལ་མ་ལ་སྔར་རྒྱུན་གྱི་སྨོན་ལམ་ཞུ་བ་སོགས་དང་ཕྱག་མཇལ་སྙན་དར་སྒྲོན་པ་རྣམས་བྱས་རྗེས། གཡུང་ལ་བྱས་རྒྱལ་རྩེ་ལ་ཕྱིན་སྡེ་པ་ཡབ་ཡུམ་སྲས་བཅས་ལ་བཀའ་དབང་མང་དུ་ཕུལ། གཟིམ་གཤེགས་གཙོར་ཡང་དེ་མཐུན་ཚེ་དབང་བརྒྱ་རྩ་སོགས་དང། ལྷག་པར་དཔལ་འཁོར་ལོ་བདེ་ཆེན་བླ་བྲང་དཀར་པོར་མཁན་རིན་པོ་ཆེའི་ཞལ་སྔ་ནས་ཀྱི་ཐུགས་དམ་གསར་བཞེངས་