R144: རྗེ་བཙུན་ཀུན་དགའ་གྲོལ་མཆོག་གི་ཕྱི་ནང་གསང་གསུམ་གྱི་རྣམ་ཐར།

  • Pagination (Witness A): 261
[A:261]གསུང་གི་སེམས་ལ་སྤྲོ་བ་བསྐྱེད་པར་མཛད་ཅིང། ཐུགས་བྲེལ་ཆེ་བཞག་ཆུང་བཞག་ནས་རི་ཁྲོད་ཀྱི་དབེན་གནས་པ་རྡོ་རི་བྲག་བརྩུབ་པ་ཉི་མ་ཙམ་ཡང་དུས་སུ་མི་འཆར་བ་དང་བསྐྱོད་སྔ་བའི་མ་འཇེན་པ་དེ་ལ་ཐུགས་སུན་མི་གནང་བར་བཞུགས་པར་མཛད། དེར་ཁྲིད་གྲོལ་དང་བསྟུན་ནས་ཆོས་ཀྱི་རྒྱལ་པོ་ཆེན་པོ་ལྷ་རྩེ་འཕྲུལ་གྱི་ཕོ་བྲང་ག་ལ་བར་གཤེགས། སྤྱིར་ངེད་རང་རིམ་གྲོ་སོགས་ཀྱི་སྤྲོས་པ་ཡེ་མི་འདོད་ཀྱང་རང་རེའི་རྟ་མགྲིན་ཞུས་པའི་བླ་མ་བྱམས་པ་དཀོན་མཆོག་དཔལ་བཟང་པའི་ཞལ་སློབ་དམ་ཚིག་ཅན་ཡིན་པའི་མོས་ཞེན་གྱིས་ཆོས་རྗེ་ནུབ་དགོན་པ་དཔོན་སློབ་རྣམ་པས། ཀུན་མཁྱེན་དུས་གསུམ་སངས་རྒྱས་ཀྱི་ཡང་ལྷག་པའི་ལྷར་མཛད་སྣང་བ་ཀུན་མཁྱེན་གྱི་ཐུགས་དམ་བྲིས་སྐུའི་རྟ་མགྲིན་མདུན་དུ་ཁོང་དཔོན་སློབ་རྣམ་པས་ཡང་གསང་ཁྲོས་པའི་གཏོར་བཟློག་ཅིག་བྱེད་དུ་བཅུག་ནས་འབུལ་བ་སོགས་ཀྱང་གཟབ་པར་བྱས། དེ་མཐུན་ཆོས་མཛད་ཀུན་དགའ་ལེགས་གྲུབ་པས་དབུ་སྐྲ་བཅད་ནས་དགེ་བསྙེན་གྱི་བསླབ་པ་ནོས་པའི་རབ་སྟོན་རྒྱ་ཆེ་སྤངས་མཐོ་བ་རང་གོང་ནས་རིན་པོ་ཆེའི་བཀའ་དྲིན་དུ་མཛད། དེར་དགུན་ཁྲིད་གྲོལ་རྗེས་མདོག་ལོར་དགེ་སྦྱོར་ཁ་ཏོན་དམར་ཙམ་ཡོང་ལ་རེའི་འདུན་པས་ཕྱིན་པ་ལ་སྨོན་འགྲོར་སླེབ་སྐབས། བཟང་ལྡན་ཆོས་སྡེ་ཆེན་པོ་ནས་སློབ་དཔོན་རྣམ་པས་གསུང་ངག་ཅིག་འཆད་པ་ལ་ཡོང་དགོས་པའི་ཡི་གེ་སླེབ་བྱུང་པས། གོང་ནས་ཀྱི་བཀའ་ཞལ་ལ་ད་རེས་སྐུ་མཚམས་ཀྱི་བར་ཆད་ཡིན་ངེས་ཤིང་ཕུགས་སྐུ་ཚེའི་བར་ཆད་དུ་ཡང་འགྱུར་སྲིད་པས་ད་ལན་མདོག་ལོའི་གཟིམ་ཕུག་གསར་བཟོས་རང་དུ་སྐུ་མཚམས་བཅད་བྱ་དམ་པ་གནང་བ་ལེགས་པའི་བཀའ་ནན་ཆེས་ཆེ་བ་རང་བྱོན་པ་གནང་བ་ལ། སྔར་