[A:262]བདག་ཅག་སྐྱེ་ཡུལ་གྱི་སྟབས་ངོར་པའི་ལམ་འབྲས་ལ་སྦྱངས་པ་ཡིན། ཕ་ཡུལ་དུ་ལོ་རེ་བཞིན་ཚར་རེ་བཤད་དབུས་གཙང་དུ་ངོར་ལུགས་མ་ཆེར་གྱི་འགྲོ་ཕན་ཡང་མ་བྱུང། ད་རེས་བཟང་ལྡན་པ་རྣམས་ཆོས་རྗེ་རིན་པོ་ཆེ་སངས་རྒྱས་རིན་ཆེན་པའི་རྒྱུད་འཛིན་ཤ་སྟག་ཡིན་དུས་ལམ་འབྲས་ཚར་གཅིག་འཆད་པ་ལ་འགྲོ་བ་ཡིན་བྱས་ནས་སླེབ་ཉིན་ནས་ཆོས་ཀྱི་དབུ་བཙུགས་པས། བྱང་ཕྱོགས་ཀྱི་བླ་མ་སློབ་དཔོན། གཞན་དོན་གྱི་ཁུར་ཡོད་ཡོངས་འདུས་ནས་ཆོས་རྗེ་རྩེ་བས་གཙོ་མཛད་དགེ་བཤེས་སྦྱངས་པ་སྔོན་སོང་རང་ད་ལྟ་བླ་མ་སློབ་དཔོན་གྱི་མིང་བཞག་ཉི་ཤུ་རྩ་བདུན་ཙམ་གྱི་དབུ་མཛད་སྣང་གསུམ་ལ་ཚོགས་པ་ལྷག་པར་ཆེ་ཞིང། སྔགས་ལམ་མན་ཚོགས་པ་བཞི་བརྒྱ་ལྷག་ཙམ་ལ་ཟླ་བ་གསུམ་གྱི་རིང་སྔ་ཆོས་དགོངས་ཆོས་གཉིས་ནི་ཚོད་སོར་གང་ལ་ཡང་སྔ་ཕྱི་མེད་པའི་ཚོགས་ཆོས་སྤྱི་དང། སྔ་དགོངས་ཀྱི་བར་ལྟོ་ཐོན་འཕྲལ་པོ་ཏི་དམར་ཆུང་སོགས་ཟུར་ཆོས་གཞན་དོན་ནུས་ལྡན་གྱི་བླ་མ་སློབ་དཔོན་རྣམ་པ་ལ་གསོལ་ཇ་སྦྱོར་རེའི་རིང་ཟུར་དུ་བྱས་ནས། ལམ་འབྲས་ལམ་སྐོར་ཞར་བྱུང་གི་གདམས་པ་མ་ལུས་པའི་དབང་བྱིན་རླབས་ལ་མཐར་ཐུག་པའི་བར་དང། ཕྱོགས་ནས་བྱོན་པའི་བླ་མ་སློབ་དཔོན་རྣམས་ལ་སྒྲུབ་པ་ལུང་སྦྱིན་ལ་ཐུག་པ་དང། གཞུང་བཤད་ཀྱང་དང་པོར་གསུངས་པའི་ཨ་སེང་མ། བར་དུ་གསུངས་པའི་སྲས་དོན་མ། མཐར་གསུང་པའི་གཉག་མ། གཞན་དམར་མ་མན་ངག་གི་གཏེར་མཛོད་སོགས་ལུང་རྒྱུན་རང་རེ་ལ་ཡོད་དགུ་ཤོག་བུ་གཅིག་མ་ཆད་པར་བཀླགས་ཤིང། ཆོས་སྐྱོང་གི་ཕྲིན་ལས་སྒྲུབ་པས་ཆོས་བར་ཆད་མེད་པར་མཐར་ཕྱིན་ཅིང་རང་རེའི་ལག་ནས་གཡུ་སྟོང་རི་བ་ཅིག་དང། གསེར་ཞོ་སྔ་རྟིང་དུ་བཅུ་གཉིས། ཇ་