[A:263]སིག་གཅིག་རྣམས་དང། གོང་ནས་རིན་པོ་ཆེས་ས་ཞིང་སྟོབས་ཆེར་གནང་བས་ལོ་དུས་ཀྱི་ཀྱཻ་རྡོ་རྗེའི་བསྒྲུབ་མཆོད་དེ་ཡང་ཆོག་མི་དང་ཞག་གྲངས་སྤར་བའི་སྔར་ཆོས་རྗེ་སངས་རྒྱས་རིན་ཆེན་པས་བཙུགས་པའི་སྒྲུབ་མཆོད་ལ་ཞབས་འདེབས་སུ་དམིགས་ནས་བྱུང་ཞིང། ལྷག་པར་ཕྲིན་ལས་ཀྱི་སྙིང་པོར་གྱུར་པ་བཙུན་གསར་བཞི་བརྒྱ་དྲུག་ཅུ་རེ་ལྔའི་སྐྲ་བཅད། བསླབ་པ་ཕོག་ཅིང་མིང་གི་ཐོག་མར་བདག་རང་གི་སྐྲ་བཅད་ཀྱི་བླ་མ་རྗེ་བཙུན་ཀུན་དགའ་མཆོག་གྲུབ་ཀྱི་མཚན་གྱི་ཐོག་མ་ཀུན་དགའ་འབའ་ཞིག་བཏགས་ཤིང། བསམ་པ་ལ་ཡང་བླ་མ་རིན་པོ་ཆེས་བདག་གཅིག་པུའི་སྐྲ་བཅད་པའི་བཀའ་དྲིན་དུ་མཛད་པའི་དྲིན་བཟོར་བདག་གིས་ད་ལོ་རང་ལ་ཀུན་དགའི་མིང་ཅན་འདི་ཙམ་བསྐྲུན་བསམ་པའི་དགའ་བ་དཔག་ཏུ་མེད་པ་ཡང་བྱུང། དེར་ཟླ་བ་གསུམ་ལྷག་ཙམ་དུ་ཆོས་འཆད་བསྐྱངས་རྗེས། སླར་ངམ་རིངས་སུ་ཡོངས་རྨི་ལམ་ལ་གུར་མགོན་རྩུབ་འགྱུར་གྱི་རྣམ་འཕྲུལ་སྣ་ཚོགས་རང་འདུག་པས་བསྐངས་གསོ་ཅུང་རྒྱུན་རིང་པ་ཙམ་ཅིག་སྐུ་རིམ་དུ་ཆེ་བ་ཞུས་ནས་བསྐང་གསོ་ཟབ་རྒྱས་རང་བརྒྱ་ཐར་གསུམ་བཏུད།
དེ་ནས་དབྱར་ཆོས་སྟེངས་སུ་ན་ནིང་གི་རྡོ་རྗེ་ཕྲེང་བའི་དབང་ཞབས་དེ་མཁན་སློབ་རྣམས་ལ་འབུལ་ཐུབ་ན་བསམ་དེའི་དགུག་སྡོད་དང། ཧོར་བཟློག་ལ་དམིགས་པའི་རྡོ་རྗེ་འཇིགས་བྱེད་ཀྱི་ཞལ་འབགས་མཚར་དུ་ཆེ་བ་ཟངས་ལ་བསྒྲུབས། དབུ་རྒྱན་སོགས་རིན་པོ་ཆེའི་ཕྲ་ཚོམ་དང། སྤྱན་ཡང་ཤེལ་ཅན་དུ་བྱས་པའི་སྔོན་མེད་ཅིག་ཆོས་མཛད་ཀུན་དགའ་བས་འཕྲུལ་དུ་བྱས། དབྱར་ཆོས་རིང་ཆོས་སྡེ་ཆེན་པོར་སྐྱས་ནས་མཁན་ཆེན་རིན་པོ་ཆེ་དབུ་མཛད་སློབ་དཔོན་རྣམ་པ་གཉེར་བདུན་ཙམ་ལ་སྔར་གྱི་རྡོ་རྗེ་ཕྲེང་བའི་དབང་ཞབས་