R144: རྗེ་བཙུན་ཀུན་དགའ་གྲོལ་མཆོག་གི་ཕྱི་ནང་གསང་གསུམ་གྱི་རྣམ་ཐར།

  • Pagination (Witness A): 269
[A:269]འདུན་ལ་ཆོས་ཀྱི་སྦྱིན་པ་ཟང་ཟིང་མ་མཆིས་པའི་རྙེད་པས་ཐུགས་ཀྱི་རེ་བ་ཡོངས་སུ་བསྐངས་ཞིང་ཆོས་སྨྲའི་ཆོས་ཀྱི་ཁྲི་ཆེན་པོ་དེ་ཉིད་ཀྱི་གདན་སེང་གེའི་ཁྲི་ལ་ཆོས་འཆད་ཀྱི་མཐའ་བསྟེན་དུ་གྱུར་པའི་ཚིག་ཏུ་བརྗོད་པ་ཡང། དཔལ་ལྡན་རིགས་བརྒྱའི་གཙུག་ན་རྡོ་རྗེ་འཛིན༎ འགྲོ་ཀུན་དགའ་བའི་སྨིན་གྲོལ་ཕྲིན་ལས་ཅན༎ མཆོག་གི་འདྲེན་པ་བློ་གསལ་རྒྱ་མཚོའི་སྡེས༎ ཚེ་རབས་ཀུན་ཏུ་རྗེས་སུ་འཛིན་གྱུར་ཅིག༎ ཅེས་ཤིས་བརྗོད་དང་འབྲེལ་བར་མ་འོངས་པའི་སྐྱེ་བ་དང་ཚེ་རབས་རྗེས་འབྲེལ་དུ་མར་ཡང་འདི་ལྟར་དགེ་བའི་བཤེས་ཀྱི་མདུན་བདར་ཏེ། དམ་པའི་ཆོས་སྟོན་པར་ཤོག་ཅིག་པའི་ཡིད་ལ་སྨོན་ལམ་ཐེབས་པར་བྱས་ནས། རེ་ཞིག་ཕྱོགས་དེ་དག་གི་ཕྲིན་ལས་ཀྱི་འཇུག་སྒོ་རྫོགས་པའི་བརྡར། ཆོས་ཀྱི་ཁྲི་ནས་ལངས་མ་ཐག་ལམ་བསྲངས་ཏེ། ཅང་ཤེས་ཀྱི་བཞོན་པ་ལ་བརྟེན་ནས་འོངས་པའི་སྐབས། མཁན་སློབ་འདུས་པའི་ཚོགས་དང་བཅས་པས་སྐྱེལ་མ་གནང་བ་ལ་བྱོན་ཞིང། དེར་ལུས་ལ་གྱོན་པའི་སྔོན་དུས་ཀྱི་གོས་ལུ་ཧཾ་རི་མོ་ཅན་གྱི་གོང་བསྡུས་ཁྱད་འཕགས་དཔེ་བྲལ་དེ་ཡང་ལུས་ནས་བཤུས་ཏེ་ངམ་རིངས་མཁན་པོའི་དྲུང་གི་སྐུ་ལ་གཡོགས། ཆོས་ཀྱི་ཚིག་འབྲུ་ཇི་བཞིན་དུ་དགོངས་ཀྱང། དོན་ལ་ཡིད་ཀྱིས་བདག་གིར་མི་ལེན་པའི་དགེ་བཤེས་སྐད་དུ་མཚན་འདོགས་པ་རྣམས་ལ་སྙིང་རྗེ་ཡང་རྒྱ་ཆེར་སྐྱེ་བཞིན་པའི་ངང་ནས། ངམ་རིངས་ཀྱི་གནས་ཁང་དུ་ཡོངས་ནས་ཞག་འགའ་ངལ་གསོའི་ཡིད་བདེ་འབད་མེད་ཐོབ་རྗེས། སྟོན་སེར་གོང་ནས་ཀུན་དགའ་རིན་ཆེན་པ་སྐུ་མཆེད་རྣམ་པ་གཉིས་ཀྱིས་ཡབ་མེས་ཀྱི་ཕྱག་བཞེས་ལྟར་ཆིབས་སྐྱེལ་ལ་ཕེབས་ཤིང་ཤར་ཕྱོགས་ལ་འོང་པས། ཆོས་རྒྱལ་ཆེན་པོ་རྫོང་དཔལ་ལྡན་ལྷ་རྩེ་