R144: རྗེ་བཙུན་ཀུན་དགའ་གྲོལ་མཆོག་གི་ཕྱི་ནང་གསང་གསུམ་གྱི་རྣམ་ཐར།

  • Pagination (Witness A): 270
[A:270]ན་བཞུགས་པའི་དྲུང་དུ་སླེབས། ཞག་གསུམ་ཙམ་ཚེ་དབང་གྲངས་བཏབ་འབུལ་བའི་བཀའ་ལུང་རྗེས་སུ་བསྒྲུབས་ཤིང། དེར་གསེར་མགུར་མོ་སོ་བདུན་མཎྜལ་ལ་བཀོད་ནས་བསྩལ་བ། ངམ་རིངས་ཀྱི་དཔྱིལ་ཆོས་རྟེན་ལ་བཞག་ནས་མྱུར་བར་ལམ་བཅད་ཕྱིན་ཞིང། གསེར་མདོག་ཅན་དུ་གྲྭ་པ་རྣམས་བསོད་སྙོམས་ལ་བྱོན་པའི་སྐབས་མི་ཉུང་བའི་དུས་སུ་འདུག་པས་སྔོན་གྱི་བག་ཆགས་ཀྱི་རྟེན་མཆོད་རྣམས་ལ་མཇལ་འདོད་སྐྱེས་ནས་གསང་ཐབས་སུ་ལམ་མི་འཆག་ལ་ཕྱིན་ཀྱང་གྲྭ་པ་རྣམས་ཀྱིས་ཀྱང་ས་ས་ནས་དགོངས། བསོད་སྙོམས་པ་རྣམས་ཀྱང་ཉེ་ལོགས་ན་འདུག་པས་གཡབས་ནས་དགེ་འདུན་གསུམ་བརྒྱ་ཙམ་གྱི་དབུ་ལ་བླ་མ་སློབ་དཔོན་རྣམ་པས་རྒྱན་པའི་དགེ་སློང་མ་ལུས་པ་རྣམ་སྦྱར་གོས་དར་ལས་གྲུབ་པའི་བརྗིད་ཆགས་གོས་སྐུ་སྤྱན་འདྲེན་བཞིན་སྐུ་ལ་གསོལ། གདུགས་རྒྱལ་མཚན་སོགས་བཀོད་པ་ཁྱད་པར་འཕགས་པའི་བསུ་བ་གྱ་ནོམ་པ་དང་བཅས་རྒྱ་བར་གྱི་ཐ། སྔར་ངེད་རང་གསེར་མདོག་ཅན་ཚོར་སྡོད་སྐབས་གུང་གསེར་ལ་རྩེད་མོའི་ཆེད་ཡང་ཡང་ཉུལ་བའི་དབེན་རྩ་ཁའི་ཆུ་མིག་གི་མདུན་ངོགས་དེ་ནས་བསུ་བ་མཛད་དེ་ཆོས་གྲྭ་ཆེན་པོའི་བསྟི་གནས་ག་ལ་བ་དེར་དལ་གྱིས་ཕེབས་པའི་ཚེ། སྐྱོར་མོ་ལུང་གི་ཆོས་སྡེ་ནས་པཎ་ཆེན་རིན་པོ་ཆེ་ལ་ཕུལ་བའི་རྣམ་སྲས་སེར་ཆེན་རྟ་བདག་བརྒྱད་པོའི་འཆར་དར་དེ་རླུང་གིས་བསྐྱོད་པའི་རྐྱེན་གྱིས་ངེད་རང་ལ་ལན་གསུམ་བཏུད་མར་ཞལ་ཕྱོགས་བྱུང་བས་དེ་ལོ་སླར་ཡང་གསེར་སོགས་རྙེད་པ་རྒྱ་ཆེན་པོ་རང་ཡོང་ངེས་པར་འདུག་གོ་སྙམ་པའི་ཡིད་སྤྱོད་སེམས་ལ་ཆེར་ཏེ་བྱུང་ཞིང། དེར་ཞག་ལྔ་ཙམ་གྱི་རིང་བསྡད། གཙོ་བོར་སྔོན་གྱི་རྟེན་རྣམས་ལ་ཞིབ་མཇལ་བྱས་པས་རང་རེའི་དམིགས་ཡུལ་དུ་