R144: རྗེ་བཙུན་ཀུན་དགའ་གྲོལ་མཆོག་གི་ཕྱི་ནང་གསང་གསུམ་གྱི་རྣམ་ཐར།

  • Pagination (Witness A): 271
[A:271]ཕེབས་པའི་རྟེན་མཆོད་སུལ་ཆ་ཡང་མི་འདུག་ལ། བྱམས་ཁང་གི་ནང་ནི་སྔོན་མེད་པའི་གོས་དར་གྱི་བླ་བྲེ་འཕན་སྙན་དར་སོགས་འཕེལ་རྒྱས་ཆེ་བ་རང་བྱུང་འདུག་ཅིང། དེར་ཞིབ་ཏུ་དཔྱད་པས་གསར་བཞེངས་ཀྱི་ས་པཎ་གྱི་སྐུ་དེ་སྐུ་འདྲ་ཡིད་བཞིན་གྱི་ནོར་བུ་ལས་དབུ་དཔངས་མཐོ་བར་འདུག་པས། པཎ་ཆེན་རིན་པོ་ཆེ་དབུ་འཕངས་དམའ་སོང་བས་རྟེན་འབྲེལ་དུ་མཚོན་པར་འདུག་ཀྱང་གྲྭ་ཚང་ནང་གི་བརྗོད་འདོགས་སུ་གསུང་དོགས་ངག་སྒོ་ནས་མ་ཤོར་བ་བྱས། དེར་བསྡོད་རིན་འདུ་ཁང་གསར་པར་འདུས་པའི་ཚོགས་ལ་འཇམ་དབྱངས་ཨ་ར་པ་ཙ་ན་དཀར་པོ་ལྷ་ལྔའི་དབང། འཇམ་དཀར་དང་མི་གཡོ་བ་དཀར་པོའི་རྗེས་གནང་གསུམ་བགྱིས་ཤིང། སྙེ་མོ་བྱེ་མཁར་ནས་སྤྱི་བསོད་པ་ཚན་ཅིག་བྱོན་བྱུང་པ་ལ་ཆོས་འབྲེལ་དུ། རྗེ་བཙུན་ཕྱོགས་ལས་རྣམ་རྒྱལ་ནས་བརྒྱུད་པཎ་ཆེན་རིན་པོ་ཆེ་ལ་བཀའ་བབས་པའི་དབྱངས་ཅན་མ་དཀར་མོའི་རྗེས་གནང། བླ་བྲང་དུ་དབོན་པོ་ཆོས་མཛད་འབའ་ཞིག་ལ་བདེ་མཆོག་ནག་པོ་པའི་དབང་ཆ་གཅིག་དང། དྲུང་ནས་དཔལ་མཆོག་པ་ལ་དགོས་སུ་སྐུ་རྐྱང་ལ་ཡབ་བདེ་མཆོག་ནག་པོ་པའི་དབང་བསྐུར་ཕུལ། སྔོན་སློབ་གཉེར་སྐབས་ལ་ལོ་བསློང་དུ་ཕྱིན་ནས་ངོ་ཤེས་པའི་སྤན་གཞུང་བའི་རྒན་གསུམ་མི་དམངས་དང་བཅས་པ་ཚེ་དབང་གྲུབ་རྒྱལ་མ་ཞིག་ཀྱང་ཁྲོམ་ཆོས་སུ་བགྱིས། ད་རེས་མང་ཇ་བསྐོལ་བ་སོགས་ནི་ཅི་ཡང་མ་བྱས། མཁན་སློབ་སོགས་ཀྱི་གནང་སྦྱིན་རྣམས་ཀྱང་དར་ཁ་ཅིག་ཀྱང་མ་ཁྱེར། མངའ་རིས་པ་འགའ་རེས་ཁ་ཆེ་གུ་གུལ་འདྲ་ཕུལ་བ་ཁྱེར། གཞན་ཆོས་ཕྱག་ཀྱང་སྣ་གཅིག་མ་ཁྱེར། ཡོངས་ཉིན་བྱ་རྒོད་ཕུང་པོའི་ཆོས་ཁྲིའི་སྟེངས་ནས་མཁན་སློབ་རྣམ་པ་ལྔས་གཙོ་མཛད། དགེ་