[A:272]འདུན་སྤན་མི་དམངས་དང་བཅས་པ་དེར་ཚོགས་ཡོངས་ལ་འཇམ་དཔལ་མཚན་བརྗོད། ལྟུང་བཤགས། བཟང་སྤྱོད། བྱམས་སྨོན། སྒྲོལ་མ་རྣམས་ཀྱི་ལུང་བགྱིས་ནས་ཁུལ་བུ་ལུང་བར་མཁན་སློབ་རྣམས་ཀྱིས་གཙོ་མཛད་ཚོགས་པ་ཡོངས་ཀྱིས་སྐྱེལ་མ་གནང་ཞིང། དེ་ནུབ་ལའི་མདུན་གྱི་གྲོང་ཚོ་དེར་ཉལ་ནས། མྱང་སྟོད་ཨུཏྤ་ལའི་ཕྲེང་བ་ཁ་ཆེ་བ་འདྲ་བའི་ས་ཕྱོགས་དེར་ཕྱིན། ཐོག་མར་ཤར་རྒྱལ་པོའི་ཕོ་བྲང་ཆེན་པོར་སྡེ་བདག་སྲས་ཡུམ་སྐུ་འཁོར་བཅས་ལ་དབང་ཆོས་ཀྱི་ཐུགས་ཀྱི་རེ་བ་ཡོངས་སུ་གང་བར་བྱས་ནས། དེ་ལོའི་དགུན་ཁྲིད་ཇོ་ནང་གི་ཆོས་བརྒྱུད་འཛིན་པའི་མྱང་སྟོད་རྩེ་ཆེན་གྱི་ཆོས་སྡེར་བགྱིས་ཏེ། རི་ཁྲོད་དགའ་ལྡན་གྱི་སྒྲུབ་དཔོན་དང་བཅས་པའི་སྒྲུབ་པ་པོ་ཀུན་ཀྱང་བྱོན། སྐྱིད་མཁར་སོགས་སྔོན་ཇོ་ནང་པའི་ཆོས་ལུགས་ལ་དད་པའི་ས་ཕྱོགས་ཐ་དད་ནས་ཁྲིད་ཞུ་ལ་སྙོག་མི་དང། ལྷག་པར་བུ་བུ་མོ་ཁྲིད་ལ་ཡོངས་པའི་ཆོས་སྐྱེལ་དུ་ཕ་མ་མིང་པོ་སོགས་ཡོང་བ་ཡང། ཆོས་ཀྱི་སྒྲ་ཐོས་པས་སླར་ཡིད་དྲངས་ནས་ཁྲིད་རྭ་ཉིད་དུ་དད་མོས་ཀྱིས་ཞུགས་པ་ཡང་གྲངས་མེད་བྱུང་ཞིང། རྩ་ཆེན་ནང་གི་དགེ་འདུན་གྱི་སྟེང་དུ་ཕྱོགས་པའི་དགེ་འདུན་བླ་མ་སློབ་དཔོན་རྣམས་དང། དཔོན་སྐྱ་ཆེ་ཆུང་དཔག་མེད་འདུས་པའི་བརྩེ་ཆེན་གྱི་འདུ་ཁང་གི་ནང་དུ་མི་ཤོང་བ་ཙམ་ལ་ཟབ་ལམ་གྱི་སྔོན་འགྲོ་འཐེབས་པར་བཀྲོལ་ཞིང། མཁན་པོ་ཆེའི་ཞབས་ཕྱིར་རིན་པོ་ཆེ་གསེར་གླིང་པ་དང། ཆོས་རྗེ་བསེ་པའི་དྲུང་རྣམས་ལ་ལོགས་སུ་དབང་རྡོ་རྗེ་ཕྲེང་བ་དང། ནཱ་རོ་ནི་གུའི་ཁྲིད་བྱིན་རླབས་རྣམས་ཀྱང་ཉིན་རེ་བཞིན་ཕུལ། མཆོག་དབང་སྐབས་མི་མངས་ནས་འདུ་ཁང་དུ་མ་ཤོང་པར་སེང་གེ་ཁའི་སྟེངས་དང། ལྷ་ཁང་གི་སྒོ་ཁང་རྣམས་སུ་ཡང་