[A:273]དབང་མི་བསྡོད་དགོས་པ་བྱུང་ཞིང། ཁྲིད་ཀྱི་དམ་པོ་མ་བྱེད་བཅིངས་བསྟེན་མི་གྲངས་བཏབ་བཞི་བརྒྱ་བདུན་ཅུ་དོན་ལྔ་ཙམ་གྲངས་འཁྲུལ་མེད་བྱུང་ཞིང། མཆོག་དབང་གི་ཉིན་ཚོས་ཀྱི་དབུར་མཁན་རིན་པོ་ཆེ་ཡང་ཕེབས་པའི་ཡེ་ཤེས་ཆེན་པོའི་གཟིགས་ངོར་སྟེང་གི་ནམ་མཁར་བརྒྱུད་པའི་བླ་མ་ལ་ལུས་པ་ཁྲོམ་ཚོགས་སུ་བཞུགས་པའི་ནང་ནས་མཚུངས་མེད་ཉ་དབོན་ཕྱག་ན་གླེགས་བམ་འོད་ཟེར་སྣ་ལྔ་འཕྲོ་བ་འཛིན་པའི་འོད་ཀྱི་རྩེ་མ་ལུས་པ་བདག་དབང་གི་རྡོ་རྗེ་སློབ་དཔོན་གྱི་ཆས་ཞུགས་བལ་པོ་སངྒཱ་ཤྲཱིས་ཆོས་རྗེ་ས་སྐྱ་པཎྜི་ཏ་ལ་ཕུལ་བའི་རྒྱུན་དྲུག་སྡེ་པ་ཤར་ཁ་བའི་གན་མཛོད་ན་བཞུགས་པ་དེ་གྱོན་པའི་རྒྱན་དྲུག་གི་ཆ་ཤས་སོ་སོ་ལ་རེག་ཅིང་ཐིམ་པའི་ཆོ་འཕྲུལ་དང། བགེགས་སྤྲོད་སྐབས་ལས་ཅན་མང་པོའི་མིག་མཐུན་པར་བདག་ཉིད་རྐང་པ་ས་ལ་མི་རེག་པར་གར་བསྒྱུར་བར་མཐོན་བས་ཡིད་བསྐུལ་ནས་ཁོང་རང་དག་ཀྱང་རྩིས་བཏབ་མེད་པར་ལུས་འཕར་གཡོའི་གཞན་དབང་ལྷུར་ལེན་པ་དང། འགའ་རེས་བདག་ཉིད་ཁྲོ་བོའི་དབང་པོ་དཔལ་ལྡན་ཤུགས་དངོས་སུ་མཐོང་ནས་ཡིད་ཆེས་པའི་དད་པས་སྙིང་བརླན་པར་གྱུར་ཅིང། དབང་དངོས་ཀྱི་སྐབས་དུས་འཁོར་དཔའ་བོ་ལྷན་ཅིག་སྐྱེས་པ་འོད་ཟེར་བརྒྱ་སྟོང་འཕྲོ་བའི་སྐུར་དབུ་མཛད་ཆེན་མོ་བས་གསལ་བར་གཟིགས་ཞེས་གསུང་ཞིང། རང་གི་ཡིད་ལ་ཡང་སྔར་དང་མི་འདྲ་བའི་ཡེ་ཤེས་ཆེན་པོའི་སྣང་བ་རབ་འབྱམས་འབད་མེད་ལྷུན་གྲུབ་ཏུ་བྱུང་བ་ཡང། བདག་གིས་སྦྱོར་དྲུག་གི་ཁྲིད་དབུ་ཚུགས་ཉིན་ནས་བཟུང་ཇི་སྲིད་ཁྲིད་ཀྱི་བཀའ་རྒྱ་མ་གྲོལ་རིང་ལ་ཚོགས་སུ་ཁྲིད་ཆོས་འཆད་དུ་འགྲོ་གོང་རྩེ་ཆེན་བླ་བྲང་ཤར་ཆེར་ན་བཞུགས་པའི་འཇམ་དབྱངས་དཀོན་མཆོག་བཟང་པོའི་སྐུ་གདུང་དྲུང་དུ་ཉིན་