[A:274]རེ་བཞིན་བཀྲ་ཤིས་ཁ་དག་ཅིག་གིས་སྣ་གྲངས་པའི་དར་ཆེན་དཔུས་གྲུས་ཁ་དོག་སོ་སོའི་སྙན་དར་རེ་རེ། སྤོས་མར་མེ་ལྷ་ཤོས་མཎྜལ་སོ་བདུན་མ་ཡན་ལག་བདུན་པ་དང་སྦྲེལ་བའི་ཕྱག་མཆོད་སྨོན་ལམ་བགྱིས་པའི་ཐུགས་རྗེ་ཉིད་དུ་མངོན་ཞིང། དེ་མཐུན་གྲུབ་ཆེན་ཀུན་དགའ་བློ་གྲོས་པའི་སྐུ་གདུང་ཤོ་མ་རི་ཆུང་ན་བཞུགས་པའི་དྲུང་དུ་ཡང་སྙན་དར་དཀར་མེ་སོགས་ཡང་ཡང་ཕུལ། སྙིང་ནས་སྨོན་ལམ་དང་གསོལ་བཏབ་བགྱིས་སོ༎
དེ་དུས་མཆོག་དབང་ཡན་ལ་གསེར་མགུར་མོ་སོ་བདུན་འགྲིག་པ་དང་རས་ཡུག་པོ་བདུན་རྣམས་གསེར་མདོག་ཅན་དུ་དགུན་ཆོས་ཀྱི་ཐུག་ཚུལ་ལ་ཕུལ་བས་སྔོན་མེད་ཀྱི་ཐུག་ཚུལ་བྱུང་སྐད་ཅིང། མཆོག་དབང་ཕྱིན་ནས་སྦྱོར་དྲུག་ནམ་གྲོལ་རིང་ལ་བྱུང་བའི་གསེར་རྣམས་ལ་ཞོ་སོ་བདུན་བྱུང་བ་ཆོས་ཀྱི་གྲོལ་སྟོན་དང་བསྔོ་བའི་རྒྱས་འདེབས་རྟེན་དུ་ཟབ་ལམ་རྡོ་རྗེའི་རྣལ་འབྱོར་གྱི་ཏིང་ངེ་འཛིན་འཁྲུལ་མེད་ཡེ་ཤེས་ཆེན་པོ་དངོས་སུ་གཟིགས་པའི་མཁན་རིན་པོ་ཆེའི་དྲུང་དུ་ཕུལ་ཞིང། ཁྲིད་པ་རྣམས་ཀྱང་གེགས་མེད་ཡེ་ཤེས་ཀྱི་ལྷ་མིག་རྣམ་པར་དག་པའི་སྐལ་བ་མཆོག་གི་ལས་ཅན་འབའ་ཞིག་ཏུ་གྱུར་ལ། དད་མོས་ཀྱི་འབུལ་འདེགས་ཀྱང་བློའི་ཡུལ་འདས་རང་བྱུང་བ་དག་ཀྱང་གང་ལ་གང་འོས་ཀྱི་སྦྱིན་པའི་ཞིང་དག་ལ་སེར་སྣ་མེད་པར་སྦྱིན་ལ། དེ་དུས་ཁྲིད་དེ་རིང་གྲོལ་རྒྱུའི་ཐོ་རངས་བདག་གི་སྔས་མགོར་མཁའ་འགྲོ་མ་ཤིང་ལོའི་གོས་ཅན་ཞིག་གིས་ཁྱོད་ཀྱི་ངེས་དོན་ཟབ་མོའི་བསྟན་པ་སྤེལ་བའི་ལེགས་དར་དུ་བྱུང་ཤམྦྷ་ལའི་ཕོ་བྲང་གི་མ་ལ་ཡའི་བསྐྱེད་ཚལ་ནས་ཁྱེར་ཡོངས་པ་ཡིན་ཞེས་ཨ་རུ་ར་རློན་པ་ཡོངས་སུ་སྨིན་པའི་འབྲས་བུ་རོ་དྲོ་བའི་མཆོག་བདུད་རྩི་བསིལ་དངར་དང་བཅས་པ་གཅིག་དངོས་